བྱིས་པའི་བདེ་འཇགས་དང་འབྲེལ་བའི་གྱོད་དོན་སྙན་ཞུའི་རོགས་སྒྲུབ་ཇེ་མང་དུ་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7ཚེས21ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་མེ་གསོད་མྱུར་སྐྱོབས་ཡན་ལག་རུ་ཁག་ནས་རྒྱུས་ལོན་པ་ལྟར་ན། ད་ལོ་ནས་བཟུང་མེ་གསོད་སྡེ་ཁག་ལ་གྲོང་ཁྱེར་གྱི་གནས་སྡོད་མི་དམངས་ཀྱིས་སྔ་གཞུག་ཐེངས་མང་པོར་མྱུར་སྐྱོབས་རོགས་སྒྲུབ་སྐོར་གྱི་གྱོད་དོན་སྙན་ཞུ་ཐེངས་མང་པོར་བཏང་འོངས་བ་དང་། དེའི་ཁྲོད་གྱོད་དོན་མང་ཤོས་ཤིག་བྱིས་པའི་བདེ་འཇགས་དང་འབྲེལ་བ་ཡོད་པ་རེད།

ཟླ3ཚེས22གྱི་དགོང་མོར། སྡོད་དམངས་ཞིག་གི་ཁྱིམ་དུ་བྱིས་པ་ལོ3ཅན་ཞིག་ཕ་མ་གཉིས་ཀྱིས་མཉམ་འཇོག་བྱས་མེད་པའི་སྐབས་དང་བསྟུན་ནས་གོས་འཁྲུད་འཕྲུལ་ཆས་ཀྱི་ནང་དུ་འཛུལ་ཏེ། ལུས་པོ་ནང་དུ་འཕྲོད་པས་ཕྱིར་འབུད་མ་ཐུབ། གྱོད་དོན་སྙན་ཞུ་འབྱོར་རྗེས་མེ་གསོད་མྱུར་སྐྱོབ་རོགས་སྒྲུབ་མི་སྣ་དག་ཡུལ་དངོས་ལ་སོང་ནས་གོས་འཁྲུད་ལྭ་བ་གཏོར་ནས་མྱུར་སྐྱོབས་བྱས། ཟླ5ཚེས17ཉིན། བྱིས་པ་ཞིག་གིས་ཕ་མ་གཉིས་ཀ་ལས་ཚོགས་སུ་སོང་བའི་སྐབས་དང་བསྟུན་ནས་གསོལ་ཁང་གི་སྒེའུ་ཁུང་དུ་འགོས་པ་དང་རང་བྱུང་སོལ་རླངས་ཀྱི་འདྲེན་སྦུགས་བརྒྱུད་དེ་ཐོག་སོ་གཉིས་པར་སླེབས་དུས། བར་སྣང་གི་གློག་སྐུད་སྟེང་དུ་འཐོགས་པས། མང་ཚོགས་ཀྱི་གྱོད་དོན་སྙན་ཞུ་འབྱོར་རྗེས་མེ་གསོད་མྱུར་སྐྱོབས་མི་སྣ་དག་གིས་བྱིས་པ་དེ་བདེ་བླག་ངང་བསྐྱབས་པ་རེད། ཟླ6ཚེས17ཉིན་གྱི་ཕྱི་དྲོ། ལོ་ན4ལ་སོན་པའི་བྱིས་པ་ཞིག་གི་ལག་པ་ཚོང་རའི་རོལ་རྩེད་འཕྲུལ་ཆས་ཀྱི་དངུལ་སྒོར་འཕེན་སའི་ནང་འཕྲོད་པས། མངའ་ཁོངས་དེའི་མེ་གསོད་མྱུར་སྐྱོབས་མི་སྣ་དག་ཡུལ་དངོས་ལ་ཐོན་རྗེས་བདེ་བླག་ངང་བསྐྱབས་པ་རེད། ཟླ7ཚེས13ཉིན། བྱིས་པ་ཞིག་གི་མཛུབ་མོ་སྨན་རྫས་འཚོང་ཁང་གི་སྒོ་ཁའི་ཤེལ་སྒྲོམ་གྱི་སྒོ་བར་དུ་འཕྲོད་ནས་ཕྱིར་ལེན་མ་ཐུབ་པས། མེ་གསོད་མྱུར་སྐྱོབས་མི་སྣ་དག་ལ་རོགས་སྒྲུབ་རེ་སྐུལ་འབྱོར་རྗེས་ཡུལ་དངོས་ལ་སོང་ནས་བདེ་བླག་ངང་ཐག་གཅོད་བྱས་པ་རེད།

མེ་གསོད་སྡེ་ཁག་གིས་རྒྱ་ཆེའི་ཁྱིམ་བདག་དག་ལ་གསལ་འདེབས་བྱེད་དོན། བྱིས་པ་དག་རྩེད་འཇོའི་སྐབས་སུ་ངེས་པར་དུ་མི་བསམ་ཤེས་ཀྱིས་ལྟ་སྐྱོང་བྱེད་རྒྱུ་ལས། བྱིས་པ་གཅིག་པུ་རྩེད་འཇོར་གཡེང་དུ་འཇུག་མི་རུང་ལ། དོན་རྐྱེན་འབྱུང་སླ་བའི་བྱ་དངོས་སྐོར་ཞིག་ལ་རེག་ཐུག་བྱེད་རྒྱུར་འཛེམ་དགོས། གལ་ཏེ་དོན་རྐྱེན་འདྲ་མིན་ལ་འཕྲད་པ་ན་ཐོག་མར་ཁྱིམ་བདག་ལྷོད་ལ་འབབ་དགོས་པ་དང་རང་ཉིད་ཀྱི་ནུས་པའི་ཁྱབ་ཁོངས་ཁྲོད་ཐག་གཅོད་བྱེད་མི་ཐུབ་པའི་གནས་ཚུལ་འོག་གང་མགྱོགས་སྒོས་སྨན་ཁང་དུ་སོང་སྟེ་སྨན་བཅོས་བྱེད་པའམ་ཡང་ན་མེ་གསོད་སྡེ་ཁག་ལ་རོགས་སྒྲུབ་སྙན་ཞུ་བྱས་ཏེ། བྱིས་པར་དགོས་མེད་ཀྱི་གནོད་འཚེ་བྱུང་རྒྱུར་གཟབ་ནན་བྱེད་དགོས། དེ་དང་ཆབས་ཅིག་གྲོང་ཁྱེར་གྱི་སྡོད་དམངས་དག་གིས་འཕྲུལ་ཆས་དང་སྒྲིག་ཆས་བཀོལ་དུས་ངེས་པར་དུ་སེམས་ཆུང་སྒོས་སྒྲིག་སྲོལ་གཞིར་བཟུང་སྟེ་ལས་སྣོན་བྱ་དགོས་ཤིང་། གལ་ཏེ་སེམས་ཆུང་མ་བྱས་པར་འཕྲུལ་ཆས་ཀྱི་བར་དུ་འཕྲོད་པ་ན་སེམས་ལྷོད་ལ་བབས་ནས་དེར་འབྲེལ་ཐག་གཅོད་དང་དུས་ལྟར་གློག་བཅད་དེ་ཚན་རིག་དང་མཐུན་པའི་ལུགས་མཐུན་གྱི་བྱེད་ཐབས་སྤྱད་ནས་རང་སྐྱོབས་བྱེད་དགོས་ལ། ཚབས་ཆེན་ཡིན་ཚེ་སྨན་ཁང་དང་མེ་གསོད་སྡེ་ཁག་ལ་རོགས་རམ་བྱེད་པའི་རེ་འདུན་བཏོན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།