ད་ལོ་མཚོ་སྔོན་ངོ་གྲོས་ཚོང་འདུས་སྟེང་ཟི་ལིང་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར146.1ལྷག་གི་གན་རྒྱ་འཇོག་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7ཚེས21ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་བཟོ་ལས་དང་བརྡ་འཕྲིན་ཅན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཀྱི་རིང་། ཟི་ལིང་གྲོང་ཁྱེར་གྱིས་བྱེད་སྒོ་སྐོར་ཞིག་འགན་ལེན་བྱས་ཡོད་པ་ཕུད། ཉེ་ལམ་ཚོང་གཉེར་འགྲུལ་པ676གདན་འདྲེན་ཞུ་རྒྱུ་ཡང་གཏན་ཁེལ་བྱས་ཟིན་འདུག གན་རྒྱའི་རྣམ་གྲངས18འཇོག་རྒྱུ་དང་གན་རྒྱའི་མ་དངུལ་སྒོར་དུང་ཕྱུར146.1ལ་སླེབས་ཤིང་། དེ་དང་ཆབས་ཅིག དྲ་ལམ་གན་རྒྱའི་རྣམ་གྲངས་སྐོར་ཞིག་ཕལ་ཆེར་གཏན་ཁེལ་བྱས་ཟིན་པ་རེད།

མཚོ་སྔོན་ངོ་གྲོས་ཚོང་འདུས་སྐབས། ཟི་ལིང་གྲོང་ཁྱེར་གཤམ་གསལ་བྱེད་སྒོའི་ཁྲོད་ཞུགས་རྒྱུ་རེད། མགྲོན་ཞུ་དང་ཚོང་དོན་འགུག་སྦྱོར། དེ་བཞིན་ལས་གཞི་གཙོ་བོ3ལ་གན་རྒྱ་འཇོག་པའི་བྱེད་སྒོ། ཞིང་ཆེན་གཞན་པས་མཚོ་སྔོན་གྱི་ཆེད་དོན་ཚོང་རར་མ་དངུལ་གཏོང་བའི་ཁྱབ་སྒྲོག་གྲོས་ཚོགས་ལ་སྐུལ་འདེད་ལ་མཐུན་རྐྱེན་སྦྱོར་བ། ཡུལ་གཞན་དཔལ་འབྱོར་ས་ཚུགས་ཀྱི་དར་སྤེལ་ཞིབ་འཇུག་ཚོགས་འདུ། ཀྲུང་གོའི་ལཱི་ཐོན་རྫས་དང་སྒུལ་ཤུགས་གློག་རྡེའུའི་མཐོ་རིམ་གླེང་སྟེགས། མཚོ་སྔོན་པོའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་རྩོད་སྐབས་བདུན་པའི་མགོ་རྩམ་མཛད་སྒོ། མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གླེང་སྟེགས། ཚོགས་འདུ་མཇུག་བསྡུ་བའི་མཛད་སྒོ་དང་སྐབས་བདུན་པའི་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་སྡུར་ལ་བྱ་དགའ་སྤྲོད་པའི་རྒྱས་འཛོམས་བྱ་འགུལ6། མཛད་སྒོའི་རྣམ་པ་ཅན་གྱི་རིམ་བསྟར་བྱེད་སྒོ་དང་མཛད་སྒོའི་རྣམ་པ་ཅན་གྱི་དགོངས་དོན་དཔྱད་གླེང་། འགྲེམས་སྟོན་ཚོམས་ཆེན་གྱི་འགྲེམས་སྟོན་བྱ་འགུལ་རིགས་མི་འདྲ་བ3།

ད་ལྟའི་བར་ཟི་ལིང་གྲོང་ཁྱེར་གྱིས་གན་རྒྱའི་རྣམ་གྲངས18གཏན་ཁེལ་བྱས་ཤིང་། གན་རྒྱའི་མ་དངུལ་སྒོར་དུང་ཕྱུར146.1ཡིན་ངེས། དེའི་ཁྲོད་བཟོ་ལས་རིགས་ཀྱི་རྣམ་གྲངས4དང་རྨང་གཞིའི་སྒྲིག་ཆས་ཀྱི་རིགས1 ཚོང་དོན་ཉོ་འཚོང་གི་རིགས5 ཁང་སའི་རིགས་ཀྱི་རྣམ་གྲངས8བཅས་ཡོད། ཟི་ལིང་གྲོང་ཁྱེར་གྱིས་མདོ་དབུས་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ནས་ནག་གི་ལས་སྣོན་རྣམ་གྲངས་དེ་དྲ་ལམ་ནས་གན་རྒྱ་འཇོག་རྒྱུར་སྐུལ་འདེད་འོས་སྦྱོར་བྱས་ཡོད།

དེ་དང་ཆབས་ཅིག ཟི་ལིང་གྲོང་ཁྱེར་གྱིས་ཟླ7ཚེས24ཉིན་སྤེལ་བའི2020ལོའི་ངོ་གྲོས་ཚོང་འདུས་ཀྱི་མཛད་སྒོ་འགོ་རྩོམ་རྒྱུ་རེད། དཔྱད་གླེང་གི་དགོངས་དོན་ཇུས་གཞི་ཡང་ཆེས་ཐོག་མར་གཏན་ཁེལ་བྱས་ཤིང་། ཆེད་མཁས་མི་སྣ་གསུམ་གདན་འདྲེན་སྒོས་གད་སྙིགས་མེད་པའི་གྲོང་ཁྱེར། མདོ་དབུས་མཐོ་སྒང་དང་ཟི་ལིང་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལམ་ཐིག་སྟེང་གི་དགོངས་དོན་འཆད་ཁྲིད། རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འཐབ་ཇུས་འོག་དགོངས་དོན་འཆད་ཁྲིད་བྱ་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།