རྩྭ་ཐང་གི་སྐྱིད་པའི་འཚོ་བ་འདི་ནས་འགོ་བརྩམས་ཡོད།

གཞིས་ཁུལ་ལས་བྱེད་མི་སྣས་སངས་རྒྱས་བཟང་མོ་ལ་ཡིག་ཚགས་བྱང་བུའི་སྐོར་གྱི་གནས་ཚུལ་འགྲེལ་བརྗོད་བྱེད་བཞིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཟླ་སྟོད་ལ་དབྱར་གཞུང་གི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྩྭ་ཐང་ནི་གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་རྒྱ་ཆེ་ཞིང་ཁོད་ཡངས་ལ། རྩྭ་ཆུ་ཕུན་སུམ་ཚོགས་པས་ཚོན་མདངས་རྣམ་པར་བཀྲ་ཡོད།

དར་ལག་རྫོང་རྒྱུ་སྨད་གྲོང་རྡལ་འདན་མ་སྡེ་ཁུལ་གྱི་ཡུལ་གཞན་གན་སྤོར་བཀོད་སྒྲིག་གཞིས་ཁུལ་དུ་སོང་བ་ན། འདི་རུ་སྟར་ཕྲེང་བསྒྲིགས་པའི་ཐོག་སོ4ཅན་གྱི་ཐོག་ཁང་རེ་རེ་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ཐོག་སོའི་ཕྱིའི་རྣམ་པ་མཛེས་ཤིང་སྡུག གཞིས་ཁུལ་གྱི་ར་སྐོར་ནང་དུ་ད་རུང་རླངས་འཁོར་མི་ཉུང་བ་ཞིག་བཞག་ཡོད། གཞིས་ཁུལ་གྱི་ཞབས་ཞུའི་ལྟེ་གནས་ཐོག་སོའི་ཡང་སྟེང་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས“ཏང་གི་དྲིན་དྲན་པ། ཏང་གི་གསུང་ཉན་པ། ཏང་གི་རྗེས་འབྲང་བ” ཞེས་པའི་ཡིག་འབྲུ་ཆེན་པོ་དག་སྔར་ལས་གསལ་པོར་མངོན་ཡོད། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང465གནས་འདིར་སྤར་འོང་རྗེས། གཞིས་སྡོད་ཀྱི་ཁོར་ཡུག་ལ་ལེགས་བཅོས་བྱས་པ་མ་ཟད། བདེ་སྐྱིད་འཚོ་བར་ཡང་གོམ་པ་གསར་སྤོ་བྱས། གཞིས་ཁུལ་ཞབས་ཞུའི་ལྟེ་གནས་དོན་གཅོད་ཚོམས་ཆེན་གྱི་ཁོད་ཡངས་ཤིང་རྒྱ་ཆེ་བས། གཞིས་ཁུལ་ལས་བྱེད་མི་སྣ་དག་གིས་དོན་དག་བསྒྲུབ་ཏུ་འོང་མཁན་འབྲོག་པ་མང་ཚོགས་ལ་སྣེ་ལེན་བྱེད་བཞིན་ཡོད།

“ཡུལ་གཞན་གནས་སྤོར་བཟོ་སྐྲུན་ནི་ལྟོགས་པ་ཟས་དང་སྐོམ་པ་ཆུ་ལ་འཕྲད་པ་འདྲ། ”“འབད་བརྩོན་གྱི་ལས་གཏོད་ཕྱུག་འགྱུར་ནི་རི་མོར་ཚོན་གྱི་ཕྲ་རྒྱན་བཏབ་འདྲ།” “འཆམ་མཐུན་གནས་སྤོར། འཕེལ་རྒྱས་ལ་སྐུལ་འདེད”སོགས་ཀྱི་བསྒྲགས་བྱང་མང་པོ་ཞིག་ཐོག་ཁང་གི་ཡང་སྟེང་དུ་བྲིས་ནས་སྦྱར་ཡོད་པས། གཞིས་ཁུལ་ཧྲིལ་བོར་སྔ་ན་མེད་པའི་གསོན་ཤུགས་ཤིག་བསྣན་འདུག ཐོག་སོ2པར་སྡོད་པའི་འབྲོག་པ་སངས་རྒྱས་བཟང་མོ་ཚང་གི་ཡུལ་དུ་བོད་ལུགས་ཁྱིམ་ཆས་དང་འབོལ་ཁྲི་སོགས་ཀྱིས་ཁེངས་འདུག་ལ། འོ་ཇའི་དྲི་བསུང་ཞིམ་པོ་ཁང་མིག་རེ་རེའི་ཁྲོད་དུ་ཁྱབ་འདུག ཁོ་མོས་རྩྭ་ཐང་བདག་སྲུང་མཁན་དང་ཐོན་ལས་གླིང་གི་ཁྱད་ལྡན་ཐོན་ལས་ཀྱི་ཚོང་གཉེར་སོགས་ལ་བརྟེན་ནས་དབུལ་ཐར་བྱུང་ཟིན་ལ། ལྡེབས་སུ་སྦྱར་བའི་ཡིག་ཚགས་བྱང་བུའི་བཀོད་ཁྱབ་ནང་དུ་ཁོ་ཚང་དབུལ་ཐར་བྱུང་བའི་གནས་ཚུལ་དང་ཁ་གཏད་རོགས་སྐྱོར་ལས་བྱེད་མི་སྣའི་གནས་་ཚུལ་གསལ་བོར་འཁོད་ཡོད། འདི་ནི་དར་ལག་རྫོང་གིས་བརྟན་འཇགས་དྲུག་གི་བྱ་བ་ལེགས་པོར་སྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་ལག་བསྟར་བྱས་ནས། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ནས་སྤུས་ཚད་མཐོན་པོའི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་བླངས་པའི་བསྡུས་གཟུགས་ཤིག་ཀྱང་ཡིན་ངེས།

ལོ་འདི་དག་གི་རིང་ལ། དར་ལག་རྫོང་གིས་དབུལ་ཐར་ཞྭ་མོ་ཕུད་པ་དེ་ཧུར་བརྩོན་གསར་པའི་འགོ་ཚུགས་ས་རུ་བྱས་ཏེ། ཡུལ་གཞན་གནས་སྤོར་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་གླིང་གསར་སྐྲུན་སྒོས་རྩྭ་ཐང་གི་སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་དང་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་ནས། དབུལ་ཐར་མཁྲེགས་གཏོར་ལ་མུ་མཐུད་དུ་སྐུལ་འདེད་དང་ཞིང་སྡེ་དར་རྒྱས་ལ་གོ་རིམ་ལྡན་པའི་ངང་ནས་མཐུད་སྦྲེལ་བྱས་ཡོད། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་བ་མ་ཟད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་གྲུབ་འབྲས་གསར་བ་བླངས་ནས། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་རྒྱས་མཐུད་སྦྲེལ་ཐད་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

དར་ལག་གི་འདམ་ར།

དར་ལག་གི་རྨ་ཆུའི་ཆུ་ལག

སྐྱེ་ཁམས་སླར་གསོའི་དཔེར་མཚོན་ས་གནས་ཀྱི་བརླན་བཤེར་ཆེ་བའི་རྩྭ་ཐང་།

འདན་མའི་བཀོད་སྒྲིག་སྡེ་ཁུལ།

གནད་འཁེལ་དབུལ་སྐྱོར་ཐོན་ལས་གླིང་གི་ཚོང་བ་ཁྱིམ་ཚང་།

སེམས་པ་རྩེ་གཅིག་གིས་སྒོ་རྩིས་ཁང་ལ་གཙང་སྦྲ་བྱེད་བཞིན་པ།

གནད་འཁེལ་དབུལ་སྐྱོར་ཐོན་ལས་གླིང་གི་མི་རིགས་གོམ་བགྲོད་སྲང་ལམ་གྱི་གྲུ་ཟུར།

དབུལ་ཕོངས་ཁྱིམ་ཚང་བཀོད་སྒྲིག་གཞིས་ཁུལ་གྱི་གྲུ་ཟུར།

ཁོད་ཡངས་ཤིང་རྒྱ་ཆེ་བའི་གཞིས་ཁུལ་ཞབས་ཞུའི་ལྟེ་གནས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།