རང་ཞིང་གིས་འགན་བཅོལ་ནང་ཞུགས་མཁན་ལས་ཤོར་མི་སྣར་ཟླ་བ6གི་ལས་ཤོར་གསབ་དངུལ་སྤྲོད་རྒྱུ་རེད།

 མཚོ་སྔོན་གསར་འགྱུར་དྲ་བ་ནས་གནས་ཚུལ་འབྱོར་གསལ། རང་རེའི་ཞིང་ཆེན་གྱིས《ལས་ཤོར་འགན་བཅོལ་གྱི་འགན་སྲུང་ཁྱབ་ཁོངས་རྒྱ་བསྐྱེད་པའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བརྡ་ཐོ》དཔར་འགྲེམས་བྱས་ཏེ། དུས་རིམ་རང་བཞིན་གྱི་ལས་ཤོར་གསབ་དངུལ་སྲིད་ཇུས་ལག་བསྟར་དང་། འགན་བཅོལ་ལ་ཞུགས་པའི་ལས་ཤོར་གླ་རྒྱག་ཞིང་པའི་འགན་སྲུང་ཁྱབ་ཁོངས་རྒྱ་བསྐྱེད་པ་སོགས་ཀྱི་ཐད་ནས་བྱེ་བྲག་གི་བྱེད་ཐབས་བཏོན། ལྷག་པར་ཆ་རྐྱེན་འཛོམས་པའི་འགན་བཅོལ་ནང་ཞུགས་པའི་ལས་ཤོར་མི་སྣར་ཟླ་བ་དྲུག་གི་ལས་ཤོར་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་རེད།

《བརྡ་ཐོའི》ནང་། 2020ལོའི་ཟླ3པ་ནས་ཟླ12པའི་བར་ལས་ཤོར་འགན་བཅོལ་དངུལ་འབབ་ལེན་གྱི་དུས་རྫོགས་ཀྱང་སྔར་བཞིན་ལས་ཞུགས་མ་བྱས་པའི་ལས་ཤོར་མི་སྣ་དང་། དེ་བཞིན2020ལོའི་ཟླ3པ་ནས་ཟླ12པའི་བར་གསར་སྣོན་བྱས་པའི་ལས་ཤོར་འགན་བཅོལ་དངུལ་འབབ་ལེན་གྱི་ཆ་རྐྱེན་དང་མི་མཐུན་པའི་འགན་བཅོལ་ནང་ཞུགས་པའི་ལས་ཤོར་མི་སྣས་ཟླ་བ་དྲུག་གི་ལས་ཤོར་ཁ་གསབ་རོགས་དངུལ་རེ་ཞུ་བྱས་ནས་ལེན་ཆོག་པ་དང་། དེའི་ཚད་གཞི་ནི་རང་རེའི་ཞིང་ཆེན་གྱི་ལས་ཤོར་འགན་བཅོལ་མ་དངུལ་གྱི80%ཡིན་པ་དང་། དུས་མཚུངས་སུ2020ལོའི་ཟླ5པ་ནས་ཟླ12པའི་བར། 2019ལོའི་ཟླ1ཚེས1ཉིན་ནས་བཟུང་འགན་བཅོལ་ནང་ཞུགས་ནས་ལོ1མ་སོང་བའི་ལས་ཤོར་ཞིང་པར《2020ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་གཏན་འབེབས་བྱས་པའི་འགན་བཅོལ་ནང་ཞུགས་ཡུལ་གྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་ལྟར། ཟླ་རེར་ཟླ་བ་གསུམ་གྱི་གནས་སྐབས་འཚོ་བའི་ཁ་གསབ་སྤྲད་རྒྱུ་བསྟན།

རང་རེའི་ཞིང་ཆེན་གྱིས་ཁག་ཁུར་དང་དགོས་གཏུགས་ཀྱི་འདུ་ཤེས་ཆེ་རུ་བཏང་སྟེ། སྤྲོད་དགོས་རིགས་ཚང་མ་དང་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་པའི་དམིགས་ཚད་ལས་འགན་གཞིར་བཟུང་སྒྲུབ་གཉེར་བརྒྱུད་རིམ་ཇེ་ལེགས་དང་། བདེན་དཔང་གི་རྒྱུ་ཆ་ཇེ་ཉུང་དུ་བཏང་བ་དང་། ཟུར་སྣོན་ཆ་རྐྱེན་དག་མེད་པར་བཟོ་བ། དམིགས་བསལ་གྱི་བྱ་བ་དམིགས་བསལ་གྱིས་སྒྲུབ་པ། འཕྲལ་དོན་མྱུར་སྒྲུབ་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་སྲིད་ཇུས་སྔ་ཙམ་ནས་དོན་ཐོག་ཏུ་འཁྱོལ་ཐུབ་བྱས་ནས་ལས་ཤོར་མི་སྣར་སྔ་མོ་ནས་ཕན་ཁེ་བསྐྲུན་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།