རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཆོས་དབྱངས་སྐྱིད་ལ་དངུལ་གྱི་རྟགས་མ་གནང་རྒྱུ་ཐག་བཅད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན་གྱི་དགོང་མོར། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ལག་བསྟར་ཨུ་ལྷན་གྲོས་ཚོགས་བསྡུས་ཏེ། ཀྲུང་གོའི་འགྲན་ཞུགས་པ་ཆོས་དབྱངས་སྐྱིད་དང་ལོའུ་ཧོང་གཉིས་ཀྱིས2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྟེང་སྐྱེས་མའི་ཚན་ཁག་གི་སྤྱི་ལེ20ཅན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་སོ་སོར་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ་པར་དངོས་སུ་ཁྱབ་སྒྲོག་བྱས།

རྒྱུས་ལོན་བྱས་པ་ལྟར་ན། གྲོས་ཚོག་སྟེང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་དང2014ལོའི་སུའོ་ཆི་དགུན་དུས་ཨོ་རྩལ་འགྲན་ཚོགས། 2016ལོའི་ལི་ཡུའེ་ཨོ་རྩལ་འགྲན་ཚོགས། 2018ལོའི་པུའུ་དབྱི་ནུ་སི་ཨེ་ལི་སི་ན་གཞོན་ཨོ་རྩལ་འགྲན་ཚོགས་བཅས་ཀྱི་འགྲན་སྡུར་ཁག་ཅིག་གི་ཨང་རིམ་བསྐྱར་དུ་གཏན་འཁེལ་བྱས་པ་རེད།

2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྟེང་། སྐྱེས་མའི་ཚན་ཁག་གི་སྤྱི་ལེ20ཅན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་དང་ལྔ་པ་ལེན་མཁན་གྱི་ཨུ་རུ་སིའི་འགྲན་ཞུགས་པ་ཁ་ཉི་སི་ཅིན་ན་དང་ཅི་འར་ཏི་ཡ་ཕུའུ་ཅིན་ན་གཉིས་ཀྱིས། 2015ལོ་དང2019ལོར་སྒྲིག་འགལ་སྒོས་རྩལ་སྨན་འཐུང་ཡོད་པ་ཤེས་ནས་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྟེང་བླངས་པའི་གྲུབ་འབྲས་མེད་པར་བཟོས་པས། ཀྲུང་གོའི་འགྲན་ཞུགས་པ་ཆོས་དབྱངས་སྐྱིད་དང་ལོའུ་ཧོང་གཉིས་ལ་བྱ་དགའ་ཨང་གཉིས་པ་དང་གསུམ་པ། ལུའི་ཞིའུ་ཀྲི་ལ་བྱ་དགའ་ཨང་བཞི་པ་ཐོབ་པ་རེད།

འགྲན་སྡུར་བྱ་དགའི་ཨང་རིམ་བསྐྱར་དུ་གཏན་འཁེལ་བྱས་རྗེས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཨོ་རྩལ་འགྲན་ཚོགས་ཀྱི་རྟགས་མ་དང་དང་བྱ་དགའི་དཔང་ཡིག དཔུང་རྟགས་བཅས་ཡང་བསྐྱར་བཀོད་སྒྲིག་བྱ་རྒྱུ་རེད།

ལོའུ་ཧོང་ནི་ད་སྔར་ཀྲུང་གོའི་སྐྱེས་མའི་ཚན་ཁག་གི་འདུར་རྒྱུག་འགྲན་སྡུར་ཁྲོད་ཀྱི་སྣེ་ཁྲིད་མི་སྣ་ཡིན་ཞིང་། 2015ལོའི་སྐྱེས་མའི་ཚན་ཁག་གི་སྤྱི་ལེ20ཅན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་འཛམ་གླིང་གི་ཟིན་ཐོ་བསྐྲུན་པ་དང་། 2016ལོའི་ལི་ཡུའེ་ཨོ་རྩལ་འགྲན་ཚོགས་སྟེང་སྐྱེས་མའི་ཚན་ཁག་གི་སྤྱི་ལེ20ཅན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས།

ཆོས་དབྱངས་ཀྱིས་ཀྱིས2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྟེང་། སྐྱེས་མའི་ཚན་ཁག་གི་སྤྱི་ལེ20ཅན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨེ་ཤ་ཡའི་ཟིན་ཐོ་བསྐྲུན་པ་དང་། 2019ལོར་ཏུའོ་ཧ་ཡ་ལུས་རྩལ་འགྲན་ཚོགས་སྟེང་སྐྱེས་མའི་ཚན་ཁག་གི་སྤྱི་ལེ20ཅན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་བླངས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།