ལས་བྱེད་མང་ཚོགས3000ལྷག་གིས་ལྗང་མྱུག་བཙུགས། སང་ཉིན་གྱི་ཡུལ་ཤུལ་སྔར་ལས་མཛེས་སྡུག་ལྡན།

 དཔྱིད་ཀར་བསླེབས་དང་བསྟུན་ནས་གཞི་ཁྱོན་ཆེ་བའི་ཤིང་འཛུགས་ནགས་བསྐྲུན་་བྱེད་སྒོ་དེ། ཟླ4པའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རུ་འགོ་ཚུགས་ཤིང་། ལས་བྱེད་པ་དང་མང་ཚོགས3000ལྷག་གིས་དེང་རབས་ཀྱི་རི་བོ་སོགས་ས་ཆ་མང་པོར་ལྗང་མྱུག་གསར་པ་བཏབ་ཡོད།

 ཟླ་བ་བཞི་པ་ནི་ཡུལ་ཤུལ་དུ་ཤིང་འཛུགས་བྱེད་པའི་གསེར་གྱི་དུས་སྐབས་ཤིག་ཡིན། ལོ་རེའི་དུས་ཚིགས་འདིར་ཡུལ་ཤུལ་གྱི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་ལྗང་མྱུག་བཏབ་ནས་དར་སྲོལ་ཞིག་ཏུ་གྱུར་ཡོད།

 “ཡུལ་ཤུལ་གསར་བའི་སོ་ཕག་གཅིག་དང་རྫ་གཡམ་གཅིག་ནི་རླབས་ཆེན་མེས་རྒྱལ་གྱི་བྱམས་སེམས་ཆེན་པོ་ལས་གྲུབ་པ། འཚེ་མེད་དྲིན་ཚོར་དང་སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་ནི་ང་ཚོ་ཡུལ་ཤུལ་བས་བཤད་པ་ཞིག་ཡིན་པས། ཡུལ་ཤུལ་གྱི་འབྱུང་འགྱུར་ནམ་ཡང་འཚེ་མེད་ཡིན་པའི་རེ་བ་བྱེད་ཀྱི་ཡོད།” ཅེས་བྱེད་སྒོའི་ནང་ཞུགས་མཁན་ཡུལ་ཤུལ་ཁུལ་ཨུའི་་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གི་ལས་བྱེད་པ་ལིའུ་དབྱང་གིས་བཤད།

ཤིང་འཛུགས་ནགས་བཟོ་མ་བྱས་གོང་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་ཤུལ་གྲོང་ཁྱེར་དུ“4•14”ཡོམ་འགོག་གེགས་སེལ་བྱས་ནས་ལོ་འཁོར་བཅུ་ལོན་བའི་དྲན་གསོའི་ཚོགས་ཆེན་འཚོགས་ཤིང་། སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་བརྒྱ་ཕྲག་ཁ་ཤས་ཀྱིས་སྟབས་བདེ་ཤོས་ཀྱི་རྣམ་པའི་ཐོག་ནས་དྲིན་ཚོར་ཐང་ཆེན་དུ་མཉམ་འཛོམས་ཀྱིས་མྱ་ངན་གྱི་བསམ་པ་དང་། སྤུན་ཟླར་སེམས་གསོ་གཏོང་བ། འབྱུང་འགྱུར་ལ་རེ་སྨོན་བྱེད་པ་བཅས་ཀྱི་འདུན་པ་བཟང་པོ་མཚོན་པར་བྱས་པ་རེད།

  “ཡུལ་ཤུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་ཚང་མ་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ་དང་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་སོང་ནས་ང་ཚོས་ཉིན་རེར་བཀའ་དྲིན་ཆེ་ཞུས་ཡོད། ”ཅེས་དྲན་གསོའི་ཚོགས་ཆེན་ནང་ཞུགས་མཁན་མང་ཚོགས་ཀྱི་འཐུས་མི་གྲགས་གྲགས་ཚེ་རིང་གིས་བཤད།

འབྲུག་གྲགས་ཚེ་རིང་ནི་ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་བཀྲ་ཤིས་མདའ་ཐང་གྲོང་ཚོའི་གྲོང་མི་ཞིག་རེད། ས་ཡོམ་བྱུང་སྐབས་བཀྲ་ཤིས་དར་ཐང་གྲོང་ཚོ་ནི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཡིན་པ་དང་ཁང་པ་ཚང་མ་བརྡིབས་པ་རེད། ད་ལྟའི་བཀྲ་ཤིས་དར་ཐང་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་ནས་གྲོང་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་སོང་ཡོད།

 ལྗང་མདོག་ཁྲོད་ནས་གཙང་ཆུའི་ཐོག་མའི་བསམ་འདུན་དྲན་པ། ལོ་བཅུའི་རིང་ཡུལ་ཤུལ་གྱིས་གཅེས་སེམས་ཆེན་པོ་ཕྲག་ཏུ་ཁུར་ཅིང་། དྲིན་ཚོར་ཡར་བརྩོན། དཀའ་སྤྱད་མདུན་སྐྱོད་བཅས་བྱས་ཡོད། ལོ་བཅུའི་རིང་ཡུལ་ཤུལ་གྱིས་གཙང་པོའི་ཆུ་འགོ་དང་ས་གཞི་ཆེ་མོའི་ལྗང་མདོག་གི་རྣམ་པ་སྲུང་སྐྱོང་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བ། ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། སང་ཉིན་གྱི་ཡུལ་ཤུལ་སྔར་ལས་མཛེས་སྡུག་ལྡན་པ་ཡོང་ངེས་རེད།

གཡང་སྐྱིད་ཀྱིས་བསྒྱུར།