ལོ་བཅུའི་རིང་པེ་ཅིང་གིས་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་ཐད་ཁྱོན་མ་དངུལ་དམངས་སྒོར་དུང་ཕྱུར26བཏང་ཡོད་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ4པའི་ཚེས13ཉིན་གློག་འཕྲིན་འབྱོར་གསལ། ད་ལོ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡོམ་འགོག་གནོད་སེལ་བྱས་ནས་ལོ་འཁོར10ལོན་བའི་ལོ་ཞིག་རེད་ལ། པེ་ཅིང་གྲོང་ཁྱེར་གྱིས་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་འཁོར10ལོན་བའི་ལོ་ཞིག་ཀྱང་རེད། ཚེས13ཉིན་གསར་འགོད་པས་པེ་ཅིང་མཚོ་སྔོན་ཡུལ་ཤུལ་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར། ལོ་བཅུའི་རིང་པེ་ཅིང་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཁ་གཏད་རོགས་སྐྱོར་ཐད་ཁྱོན་མ་དངུལ་དམངས་སྒོར་དུང་ཕྱུར26.6བཏང་ནས་ཡུལ་ཤུལ་ཁུལ་གྱི་མི་འབོར་དབུལ་པོ་ཁྲི19ལྷག་དབུལ་ཐར་བྱུང་ཡོད།

2010ལོར་ཡུལ་ཤུལ་གྱི“4.14”ས་ཡོམ་བྱུང་རྗེས། པེ་ཅིང་གྲོང་ཁྱེར་གྱིས་སྐབས་ཐོག་ཡུལ་ཤུལ་གནོད་རྗེས་བསྐྱར་སྐྲུན་ནང་ཞུགས་པ་མ་ཟད། ད་དུང2010ལོའི་ཟླ6པར་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་དང་དཔལ་འབྱོར་མཉམ་ལས་བྱ་བའི་འགོ་ཁྲིད་ཚོགས་ཆུང་མཚོ་སྔོན་ཡུལ་ཤུལ་བཀོད་འདོམས་པུའུ་བཙུགས་ནས་པེ་ཅིང་གིས་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་པ་རེད། ལོ་བཅུའི་རིང་སྔ་རྗེས་སུ་མཚོ་སྐྱོར་ལས་བྱེད་པ་དང་འཇོན་མི་ཁག་བཞི་དང176ལ་མངགས་ནས། ཡུལ་ཤུལ་དུ་བྱ་གཞག་ཁག་ནང་ཞུགས་པ་དང་། རིམ་རྩིས་བྱས་ན་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར26.6བཏང་ནས། རོགས་སྐྲུན་ལས་གཞི་སྣ་ཚོགས319ལག་བསྟར་བྱས་ཏེ། ཡུལ་ཤུལ་ཁུལ་གྱི་མི་འབོར་དབུལ་པོ་ཁྲི19ལྷག་ལ་རོགས་རམ་བྱས་ནས་ལྷག་དབུལ་ཐར་བྱུང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། པེ་ཅིང་གྲོང་ཁྱེར་གྱིས་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱས་ནས་དམངས་ཚིས་དང་། སྨན་བཅོས། སློབ་གསོ། ཐོན་ལས་དབུལ་སྐྱོར་སོགས་ཁྱབ་ཁོངས་མང་པོར་གཙོ་གནད་ཐོག་དོ་ཁུར་བྱས་པ་དང་། ལོ་བཅུའི་རིང་ཡུལ་གཞན་དུ་གནས་སྤོ་སོགས་ལས་གཞི་ལག་བསྟར་བྱས་པ་བརྒྱུད་ནས། ཁྱིམ་ཚང་དབུལ་པོ2484དང་མི7860ཡི་སྡོད་ཁང་གནད་དོན་ཐག་གཅོད་བྱས་པ་རེད། ཚོགས་སྒྲིག་རྣམ་པའི་སྨན་བཅོས་རོགས་སྐྱོར་བྱས་པ་བརྒྱུད་ཡུལ་ཤུལ་ཁུལ་གྱི་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་ཐོག་མ་དེ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། ཡུལ་གཞན་དུ་འཛིན་གྲྭ་གཉེར་བ་དང་། ཡུལ་གཞན་དུ་སློབ་གྲྭ་གཉེར་བ། ཡུལ་གཞན་དུ་གསོ་སྐྱོང་བཅས་བྱས་པ་བརྒྱུད་ནས་ཡུལ་ཤུལ་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་ཐོན་ཁུངས་དཀོན་པའི་ཞན་ཆ་ནུས་ལྡན་ངང་གསབ་པ། ཁྱད་ལྡན་ཐོན་ལས་གསར་སྤེལ་གྱི་སྣེ་འདྲེན་ཁེ་ལས་བཙུགས་པ་བརྒྱུད་ནོར་ནགདང་། ནས་ནག བོད་ལུག་བཅས་ཐོན་ལས་ཆེན་པོ་གསུམ་གྱི་ཐོན་ལས་སྦྲེལ་ཐག་བཀོད་སྒྲིག་བྱས་ཏེ། ཡུལ་ཤུལ་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ལྔར་རམ་འདེགས་བྱས་ནས་དབུལ་ཞྭ་ཕུད་པའི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད།北京

མཚོ་སྔོན་ཡུལ་ཤུལ་བཀོད་འདོམས་པུའི་ཏང་ཨུའི་ཧྲུའུ་ཅི། བཀོད་འདོམས་པ་ཡོན་ཧའོ་ཙུང་གིས་བཤད་པ་ལྟར། ལོ་བཅུའི་རིང་པེ་ཅིང་གྲོང་ཁྱེར་གྱིས་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་དེ། གནོད་རྗེས་བསྐྱར་སྐྲུན་དང་ཁ་གཏད་རོགས་སྐྱོར། གནད་འཁེལ་དབུལ་སྐྱོར་བཅས་དུས་མཚམས་གསུམ་བརྒྱུད་ཡོད་ལ། ད་ལོར་ཡུལ་ཤུལ་ཁུལ་གྱིས་ཕྱོགས་ཡོངས་ནས་དབུལ་ཞྭ་ཕུད་པ་དང་བསྟུན་ནས། པེ་ཅིང་གྲོང་ཁྱེར་གྱིས་འགོ་འཛུགས་ས་གསར་པའི་ཐོག་རེས་སྐོར་གསར་པའི་མཚོ་སྐྱོར་བྱ་བ་སྤེལ་རྒྱུ་རེད།

གཡང་སྐྱིད་ཀྱིས་བསྒྱུར།