ཡུལ་ཤུལ་གྱི་ལོ་ངོ་བཅུ། བསྐྱར་སྐྲུན་ལས་འཚོ་བ་གསར་པ་པང་དུ་བླངས།

ད་ལོ་ནི་ཡུལ་ཤུལ་ས་ཡོམ་བྱུང་ནས་ལོ་བཅུ་འཁོར་བའི་ལོ་ཡིན། ལོ་བཅུའི་རིང་ལ་ཡུལ་ཤུལ་བསྐྱར་བསྐྲུན་གྱི་དྲི་བཞོན་ཁྲོད་ཡུལ་ཤུལ་ལ་སྔར་མེད་གསོན་ཤུགས་རྒྱས། 2019ལོར་གྲོང་ཁྱེར་དང་གྲོང་གསེབ། ཞིང་འབྲོག་ས་ཁུལ་གྱི་རྒྱུན་སྡོད་མང་ཚོགས་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་འབབ་སོ་སོ་ནས་སྒོར35167དང་སྒོར9138ལ་བསླེབས་ཤིང་། འོས་འགན་སློབ་གསོའི་རྨང་རྡོ་ཇེ་བརྟན་དུ་བཏང་ཚད96.1%དང་། དབུལ་པོ་མི་འབོར་སྤྱི་ཚོགས་འགན་སྲུང་ནང་ཞུགས་ཚད100%། ནད་གཞི་ལྕི་རིགས་དང་ཚབས་ཆེའི་རིགས་ཀྱི་སྨན་བཅོས་རོགས་སྐྱོབ་ཁེབས་ཚད100%ལ་བསླེབས་པ་སོགས་ཡར་རྒྱས་གསར་པ་བྱུང་།

གོད་ཆགས་རྗེས་ཀྱི་བསྐྱར་སྐྲུན་གྱིས་ཡུལ་ཤུལ་འཕེལ་རྒྱས་ཀྱི་ཚུགས་སོ་གཏན་ཁེལ་བྱས་ལ་གསར་གཏོད་འཕེལ་རྒྱས་ཀྱི་དབུ་ཁྱུད་མཛེས་པར་བཀོད། 

བསྐྱར་སྐྲུན།

ཡུལ་ཤུལ་གསར་པ་ཆུ་གསུམ་འགོ་ཁུངས་སུ་བརྗིད་ཀྱིས་འགྱིང་ཞིང་། བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཐོག་ཁང་ནི་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་འགྱིང་ནས་ག་ས་གང་དུ་མིག་ལ་མཛེས་པ་དང་། ཡངས་པའི་ཁྲོམ་གཞུང་དུ་ཟས་རིགས་སྣ་འཛོམས་ཀྱི་གསོལ་ཁང་ཕྲེང་དུ་བསྟར་བ་སོགས་ཁ་བས་བཀླུབས་པའི་སྐྱེ་རྒུ་གྲོང་རྡལ་ནི་ཟླ་བཞི་པའི་མཐོ་སྒང་ན་ལྷམ་མེར་མཛེས།

“ལོ་ངོ་བཅུའི་ནང་ཡུལ་ཤུལ་ལ་ལོ་ངོ་ཉུ་ཤུ་སུམ་ཅུ་ཡི་རིང་གི་འཕེལ་རྒྱས་བྱུང་།” ཞེས་མཚོ་སྔོན་ཡུལ་ཤུལ་གྱི་ཡོམ་འགོག་རྒུད་སྐྱོབ་བཤམས་སྟོན་ཁང་གི་འགྲེལ་བརྗོད་པ་ཚེ་རིང་དབང་མོས་ཡུལ་སྐོར་པ་རྣམས་ལ་སྐད་ཆ་དེ་ལན་མང་དུ་བརྗོད་ཀྱི་ཡོད་ལ་དེ་ནི་མོའི་སེམས་ཀྱི་མྱོང་ཚོར་ཟབ་མོ་ཞིག་ཀྱང་རེད། ལོ་བཅུའི་ཡར་སྔོན་ལ། ས་ཡོམ་གྱིས་ཡུལ་ཤུལ་རྡུལ་དུ་བརླགས་པ་ན།མི་སུས་ཀྱང་ཡིད་ལ་འཆར་ཐབས་མེད་པ་ནི་ད་ལྟའི་ཡུལ་ཤུལ་གྱི་ངོ་མཚར་བའི་འཕེལ་རྒྱས་ཀྱི་རྣམ་པ་འདི་རེད།

ཡུལ་ཤུལ་གྱི་གྲོང་ཁུལ་གསར་པ་ནི་ཕྱིའི་མཛེས་པ་ཁོ་ན་མ་ཡིན་ཏེ། ཡུལ་ཤུལ་གྲོང་ཁྱེར་གྱི་འཕྲུལ་ཤེས་་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་སུ་བསྐྱོད་ཚེ། ཆ་འཕྲིན་བསྡུ་ཉར་དང་ཡིག་ཚགས་སྒྲིག་བཟོ། གྱོད་ཐག་ཞིབ་གཅོད་ལ་སོགས་གཅིག་རྗེས་གཅིག་འཕྲོར་དུས་ཐོག་ཏུ་བསྒྲུབས་ཤིང་། འབོད་བརྡ་ལྟེ་གནས། བཀོད་འདོམས་ལྟེ་གནས། ཇུས་ཆོད་ལྟེ་གནས་བཅས་ཀྱི་ལས་བགོས་གསལ་པོར་ཕྱེ་ཡོད་པ་རེད། དེ་ནི་2015ལོར་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྲུན་ཁྲོད་ཀྱི་ལས་གཞི་གལ་ཆེན་ཡིན་ལ། ད་སྔའི་བར་དུ་གྱོད་དོན་འདྲ་མིན་ཁྲི་གཉིས་ལྷག་དང་གྱོད་དོན་གཞི85%ཡན་ཐག་བཅད་ཡོད་པ་རེད།

“ང་ཚོས་ཉིན་རྒྱུན་གྱི་གཉེར་སྐྱོང་ནས་ལས་གཞི་གསར་སྤེལ་བར་དུ་ཞབས་ཞུ་ཐད་ནས་ཟབ་སྦྱོང་ལེགས་པོ་བྱས་ཏེ་སྲིད་སྐྱོང་དང་དམངས་ཚིས། སྤྱི་ཚོགས་རོགས་སྐྱོབ་ལ་སོགས་ཕྱོགས་ཀྱི་ནུས་པ་མཐོར་འདེགས་སུ་བཏང་བ་ཡིན”ཞེས་ཡུལ་ཤུལ་གྲོང་ཁྱེར་གྱི་འགོ་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱི་གསར་འགོད་པར་དེ་ལྟར་བཤད། པེ་ཅིང་གི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས 2016ལོར་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་བསྐྲུན་པ་དང་། ད་ཆ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་གྲས་སུ་ཚུད་པར་བརྩོན་ལེན་བྱེད་སྒང་ཡིན་ལ། འབྲོག་པ་མང་པོའི་འཚོ་བར་སྔ་ན་མེད་པའི་འགྱུར་ལྡོག་བྱུང་ཡོད།

ད་ལོར་ལོ20ལ་སོན་པའི་བསོད་ནམས་ཕུན་ཚོགས་ནི་སློབ་ཆེན་གྱི་ལོ་རིམ་གཉིས་པའི་སློབ་ཆེན་པ་ཞིག་ཡིན། ཁོ་ན་རེ། ཨ་ཕ་ནི་ཁོའི་སེམས་ཁོངས་སུ་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་སྣང་བརྙན་གསོན་པོ་དེ་ཡིན། ས་ཡོམ་གྱི་སྐབས་སུ་རོང་པོ་གྲོང་རྡལ་བདེ་ཆེན་གྲོང་ཚོར་གནོད་པ་ཚབས་ཆེན་ཐེབས་ནས་ཁང་པ་ཚང་མ་བརྡིབས་ནས་རྒྱུ་ནོར་རྣམས་ཕངས་མེད་དུ་བརླགས་པའི་དུས་སུ་ཨ་ཕས་ཁྱིམ་མི་གང་བོའི་འཚོ་བ་དང་ང་རང་གི་སློབ་གཉེར་ལ་བར་ཆད་མི་ཡོང་ཆེད། སོ་ཕག་བཟོ་གྲྭ་གཉེར་མྱོང་ལ། ཁང་པ་བརྩིགས་ཤིང་། རླངས་འཁོར་ཞིག་གསོ་ལ་སོགས་ཀྱི་ལས་གཉེར་མྱོང་། ན་ནིང་ཁོ་ཚོ་སྲིད་གཞུང་གིས་གནང་པའི་སྡོད་ཁང་ནས་ཐོག་ཁང་གསར་པར་སྤར་བ་དང་། རང་ཁྱིམ་གྱིས་གཉེར་བའི་རིག་གནས་ཡུལ་སྐོར་ཀུང་སི་བཙུགས་ནས་ན་གཞོན16ལ་ལས་གནས་མཁོ་འདོན་བྱསཡོད། “ད་ཆ་འཚོ་བ་ཇེ་ལེགས་སུ་སོང་ན་ཡང་ཨ་ཕའི་དཀའ་སྡུག་གི་ལོ་ཟླ་དེ་ང་ཚོས་ནམ་ཡང་བརྗེད་ཐབས་མེད། ཁོས་མ་དངུལ་བསགས་ནས་རྒན་གཉོར་ཁང་དང་དཀའ་ངལ་ཁྱིམ་ཚང་ལ་རོགས་བྱེད་པ་སོགས་ནི་ང་ཚོ་བུ་ཕྲུག་རྣམས་ཀྱི་བསླབ་བྱ་བཟང་བོ་ཡིན“ཟེར།

ས་ཡོམ་བྱུང་རྗེས་སུ་ཡུལ་ཤུལ་གྲོང་ཁྱེར་གྱིས་ཡོམ་རྗེས་བསྐྱར་སྐྲུན་གྱི་འཆར་འགོད་དང་དམིགས་འབེན་ཡོངས་སུ་གྲུབ། ཞིང་འབྲོག་པའི་ཁྱིམ་ཚང16710ཡི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱིམ་ཚང22439སྡོད་ཁང་གསར་བར་སྤར་དུ་བཅུག་ནས་གནོད་ཁུལ་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་རྩ་བའི་ཐོག་ལེགས་བཅོས་ཐོབ། སློབ་གསོ་དང་སྨན་བཅོས།རིག་གནས། ལུས་རྩལ། ཕན་བདེ་གླིང་། དྭ་ཕྲུག་གླིང་སོགས་འཛུགས་སྐྲུན་སྐོར་ཞིག་ལེགས་འགྲུབ་བྱུང་ནས་བཀོད་སྤྱོད་བྱས། དེར་མ་ཟད། ཁུལ་དང་རྫོང་ལ་རིམ་པ་གཉིས་པའི་སྣུམ་ལམ་རྒྱ་ཁྱབ་ཏུ་བཏིངས་ཤིང་། ཤང་དང་གྲོང་རྡལ་གྱི་བཅུ་ཆའི་དགུ་ཡི་སྣུམ་ལམ་ཤར་བགྲོད་བྱུང་། བརྡ་འཕྲིན་ཁེབས་ཚད100%ཡིན་པ་སོགས་མངའ་ཁོངས་ཀྱི་རྣམ་པ་ངོ་མཚར་ཞིང་། མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ། དུས་རབས་ཀྱི་དར་སྲོལ་གསར་བའི་ངང་གིས་ཕྱུག་པའི་ཡུལ་ཤུལ་གསར་པ་དེ་ཆུ་གསུམ་འགོ་ཁུངས་སུ་འགྱིང་ངེར་བརྗིད།

དབུལ་སྒྲོལ།

འབྱོར་འབྲིང་ལམ་དུ་གཅིག་ཀྱང་བསྐྱུར་མི་རུང་།

ཡུལ་ཤུལ་ཁུལ་ཞིང་ཆེན་རིམ་པའི་དབུལ་སྐྱོར་ཐོན་ལས་གླིང་དུ་བསྐྱོད་པ་ན། བོད་རིགས་བུད་མེད་ལྷ་མོས་ནོར་བུ་གླིང་མི་རིགས་གྱོན་ཆོས་ཀུང་སིར་ལྭ་བ་བཟོ་བར་བྲེལ་ཞིང་། དྲས་གཏུབ་ནས་གཙག་དྲུབ་ལ་སོགས་ཚོན་མདོག་བཀྲ་བའི་དར་སྐུད་རེ་རེ་མཛུབ་རྩེ་རུ་རྣམ་པར་རྩེན།

སྲིད་གཞུང་གི་རོགས་སྐྱོར་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ད་གཟོད་འཚོ་བ་གསར་པར་རོལ་ཐུབ་པ་བྱུང་། ཁང་པའི་ཞིག་རོ་དང་བརྡིབས་རོའི་ཁྲོད་ནས་ཐར་བའི་ལྷ་མོ་ནི་ཁྱིམ་མི་གང་བོ་ས་ཡོམ་ཁྲོད་འདས་པའི་ཤུལ་ལུས་གཅིག་པུ་རེད། མོ་ནི་སྤྲོ་སྣང་གིས་ཁེངས་པའི་བུ་མོ་ཞིག་ཡིན། མོས་དབུལ་སྒྲོལ་ནི་ངེས་པར་དུ་རང་གི་ལག་ཟུང་ལ་བརྟེན་ནས་སྒྲོལ་དགོས་པ་གསལ་བོར་རྟོགས་ཕྱིན་ཟླ་གཅིག་ལ་ཕོགས་དངུལ9000ལྷག་ལེན་ཐུབ་ཀྱི་ཡོད།

ནོར་བུ་གླིང་མི་རིགས་གྱོན་ཆས་ཀུང་སི་ནི་ཡུལ་ཤུལ་མི་རིགས་གྱོན་ཆས་ཀྱི་སྣེ་འཁྲིད་ཁེ་ལས་ཡིན་ཞིང་། ལོ་རེར་དུས་ངེས་གཏན་ནང་བོད་ལྭ་བཟོ་ལུགས་སྐོར་ནས་ཟབ་སྦྱོང་སྤེལ་གྱི་ཡོད་པ་དང་། གྲུབ་འབྲས་ཕུལ་བྱུང་རྣམས་བཟོ་ཁང་དུ་ལས་གནས་སྤྲད་དེ་ཟླ་རེར་མ་མཐའི་གླ་ཕོགས་སྒོར2500དང་ཐོན་གྲངས་ཕོགས་དངུལ་རེ་སྟེར་གྱི་ཡོད། ལོ་བཅུའི་རིང་། ཀུང་སིས་སྔ་གཞུག་ཏུ་མི་ཐེངས3000ལྷག་ལ་ཟབ་སྦྱོང་བྱས་ཡོད་ཅིང་། ཞིང་འབྲོག་པའི་ཁྱིམ་ཚང1200དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད། ཀུང་སིའི་སྤྱི་གཉེར་བ་དཔལ་ལྡན་རྒྱལ་མཚན་གྱིས། “ང་ཚོའི་ཐོན་རྫས་ནི་སྲོལ་རྒྱུན་གྱི་ལག་ཤེས་སོར་བཞག་དང་དེང་རབས་ཀྱི་ཁྱད་ཆོས་ནང་ལེན་བྱས་ཡོད་པས་ཁྲོམ་རའི་སྒང་དུ་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་ལ། ཐོན་རྫས་འགའ་རྒྱལ་ཕྱིར་འཚོང་བཞིན་ཡོད“ཟེར།

2015ལོར་ཡུལ་ཤུལ་ཁུལ་གྱི་ཁྱིམ་ཚང་དབུལ་པོ་ཁྲི3.5ཡི་མི་འབོར་ཁྲི11.24གསལ་འབྱེད་གནད་ལ་ཕྱོགས་པ་བསྒྲུབས་པ་ན། གྲངས་འབོར་དེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་པོའི་མི་འབོར་གྱི1/5ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་པོ་ཆེས་མང་ལ། དབུལ་པོའི་ཚད་ཐལ་དྲགས་པ། དབུལ་པོ་ལས་སྒྲོལ་དཀའ་བའི་ས་ཁུལ་ཆེ་ཤོས་སུ་གྱུར།

ཡུལ་ཤུལ་ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཞའོ་ཝེ་ཡིས། ཡུལ་ཤུལ་གྱིས་དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་དམ་འཛིན་བྱས་ཏེ། མང་ཚོགས་ཀྱི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”། ཆུའི་བདེ་འཇགས་ཀྱི་གནད་དོན་སོགས་ཐག་གཅོད་བྱས། ལོ་ལྔའི་ཚུན་ལ་སྔ་གཞུག་ཏུ་ལས་གཞི་མ་དངུལ་སྒོར་དུང་ཕྱུར18.71བཏང་སྟེ་སྡོད་ཁང་འཛུགས་སྐྲུན་གྱི་ལས་གཞི་ཆ་ཚང42730བསྐྲུན་ཏེ། དབུལ་པོ་མི་འབོར་ཁྲི6.7གི་འཐུང་ཆུའི་བདེ་འཇགས་སུ་བཏང་།

ཞོགས་པ་སྔ་མོ་ནས་བཟུང་། ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་གི་པེ་ཅིང་ཁ་གཏད་མཚོ་སྔོན་རོགས་སྐྱོར་སྨན་བཅོས་རུ་ཁག་གིས་སྨན་བཅོས་མཁོ་ཆས་ཧ་ཤུལ་ཤང་དུ་བསྐྱལ་ནས་ཁྱིམ་ཚང་དབུལ་པོའི་གནས་ཚུལ་ལ་རྒྱུས་ལོན་བྱས། སྨན་ཁང་དུ་གཤག་བཅོས་བྱས་པའི་གྲོང་མི་སྐལ་བཟང་གི་ནད་གཞི་ཇེ་བདེར་སོང་ཡོད་པ་མཐོང་འཕྲལ་རུ་མི་རྣམས་ཀྱི་སེམས་བདེ་ལ་བབས། ན་ནིང་གི་ཟླ8པར། པེ་ཅིང་གི་མཚོ་སྔོན་སྨན་བཅོས་རོགས་སྐྱོར་སྐོར་བཞི་བ་ཡུལ་ཤུལ་དུ་འབྱོར་རྗེས། ཁོ་ཚོས“1+1+5ཁྱིམ་ཚང་གི་སྨན་པའི”ཞབས་ཞུའི་རྣམ་པ་སྤྱད་དེ་རོགས་སྐྱོར་དང་དུས་ངེས་གཏན་ནང་ནད་པར་བསྐྱར་ཞིབ་ལ་སོགས་བྱས་པ་དང་། སྨན་བཅོས་ཞབས་ཞུ་མཐའ་འཁོབ་ས་ཁུལ་དུ་བསྐྱལ་ནས་དཀའ་ངལ་མང་ཚོགས་ཀྱིས་ནད་སྟོན་དཀའ་བའི་དཀའ་ཁག་སེལ་རོགས་བྱས།

གཞི་གྲངས་ལས་མངོན་པ་ནི། ཡུལ་ཤུལ་གྱི་དབུལ་པོ་མི་འབོར་གྱི་ཁྱིམ་ཚང་སྨན་པའི“ཕྱོགས་གཉིས་ཀྱི་གྲོས་ཆིངས”དང་ཁ་ཆད་ལག་བསྟར་བྱས་ཚད100%ཟིན། ལོ་ལྔའི་ཚུན་ལ་དབུལ་པོའི་ནད་གཞི་ལྕི་མོའི་རིགས་ཀྱི་ནད་པ་མི་ཐེངས3217ལ་སྒོར་ཁྲི1622ཡིས་རོགས་བཅོས་བྱས་པ་དང་། དབུལ་པོའི་ཡིག་ཚགས་དང་བྱང་བུ་ཐོགས་པའི་ཁྱིམ་ཚང་གི་ནད་སྡོད་སྨན་རིན་འགན་ལེན་རྩིས་ཞུ་བྱས་ཚད90%ལ་སླེབས། དཀའ་ངལ་ཆེ་བའི་དབང་སྐྱོན་ཁྱིམ་ཚང་གི་འཚོ་བ་དང་ནད་གཞི་ལྕི་མོ་ཕོག་པའི་དབང་སྐྱོན་མི་ཐེངས་ཁྲི77126ལ་གསབ་དངུལ་སྒོར་ཁྲི8295སྤྲད།

“ང་ཚོས་དབུལ་པོ་གཙང་སྒྲོལ་གྱི་དམིགས་འབེན་མངོན་འགྱུར་ལ་འབད་སྒང་ཡིན། ” དབྱང་ཞའོ་ཝའེ་ཡིས། ཡུལ་ཤུལ་ཁུལ་གྱི་དབུལ་པོའི་མི་འབོར་གྱི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་དེ2015ལོའི་སྒོར2970ནས2019ལོའི་སྒོར5200ཡན་ལ་འཕར་ཡོད་པ་དང་། དབུལ་པོར་གྱུར་ཚད2015ལོའི་ལོ་མཇུག་གི34%ནས2019ལོའི་ལོ་མཇུག་གི3%བར་ཇེ་ཉུང་དུ་ཡོད་ཟེར།

ཁོར་སྲུང་།

མེས་རྒྱལ་གྱི་སྣོད་བཅུད་སྲུང་ཡོལ་སྲ་བརྟན་དུ་བཏང་བ།

ཧོང་ཐུའུ་རི་བོའི་ཕུག་ལམ་བརྒལ་རྗེས་མ་གཞི་བསལ་རླུང་དད་ཀྱིས་ལྡང་ཞིང་ཉི་ཟེར་ལམ་ལམ་དུ་འཕྲོ་བའི་གནམ་གཤིས་དེ་ཁ་ཆར་བུ་ཡུག་གིས་འཁྱུགས་སེ་བཅོམས། དེ་ནི“ཁྲུང་ཁྲུང་གི་ཕ་ས”ཞེས་སུ་གྲགས་པའི་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་རེད། རླུང་བུ་ཅུང་ཟད་འཇགས་མཚམས་སུ་སྐོར་ཞིབ་པ་ཞིག་གི་རྒྱབ་གཟུགས་ཤིག་རོང་པོ་འཚེའུ་འགྲམ་དུ་བྱོན། ཁོ་ནི་ལོ་ན56ལ་སོན་པའི་ཚེ་རྒྱལ་ཡིན།

ན་ནིང་ཚེ་རྒྱལ་ཐོག་དང་པོར་སྣོད་བཅུད་ལྟ་སྐྱོང་བ་བྱས་ན་ཡང་སྲུང་སྐྱོབ་ཁུལ་ལ་རྒྱུས་མངའ་ཚུལ་ལྟ་སྐྱོང་བ་རྒན་པ་རྣམས་དང་ཁྱད་པར་ཆེན་པོ་མེད་ཅེས་ས་ཚིགས་ཀྱི་འགོ་གཙོ་པ་སངས་ཚེ་རིང་གིས། ཁོ་ལ་མཚོན་ན་སྣོད་བཅུད་ལྟ་སྐྱོང་བ་བྱས་མ་བྱས་ལ་ཁྱད་པར་ཆེར་མེད། རྒྱུ་མཚན་ཁོས་སྔོན་ཆད་འདབ་ཆགས་ལྟ་སྐྱོང་གི་བྱ་བ་བསྒྲུབས་མྱོང་བས་རེད་ཟེར།

ཚེ་རྒྱལ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་རོང་པོ་བ་ཞིག་ཡིན་པའི་ཆ་ནས་གནས་དེར་འཚོ་བའི་འདབ་ཆགས་རིགས་གང་ཞིག་ཡིན་རུང་ཁོའི་ཚེ་སྲོག་གི་ཕྱེད་ཀ་ལྟ་བུར་གྱུར་ཡོད། ཆུང་དུས་སུ་ཕ་མེས་རྣམས“རྐང་རྗེན་དུ་ན་འདམ་བརྒལ་ཞིང་གུར་ཕུབ་སྟེ་འདབ་ཆགས་སྲུང་བའི”ངང་ཚུལ་དེ་ཁོའི་དྲན་ངོགས་སུ་རྡོ་ལ་རི་མོ་བཞིན་བརྐོས། འདབ་ཆགས་ཉུང་མི་རུང་ལ། གཙང་པོ་ཡང་་བརྙོག་མི་རུང་། འདམ་ར་ཡང་སྐམ་མི་རུང”བའི་བསླབ་བྱ་ཟབ་མོ་དེ་ཚེ་རྒྱལ་གྱིས་མི་ཚེ་ཕྱེད་གའི་སྲུང་བྱ་ཉག་ཅིག་ཏུ་གྱུར། “ ངས་ཡི་གེ་མི་ཤེས་ལ་རིག་གནས་ཡོན་ཏན་ནི་ཅི་ཡང་མེད་པས་ན་འདམ་སྲུང་སྐྱོབ་དང་འདབ་ཆགས་ཀྱི་གལ་ཆེ་རང་བཞིན་སོགས་ལབ་མི་ཤེས། ཤེས་པ་ཅིག་ནི་ང་རང་ཁོ་ཚོ་དང་ཁ་འབྲལ་ཐབས་མེད་པ་དེ་ཡིན་ཟེར།

པ་སངས་ཚེ་རིང་གིས་གསར་འགོད་པར། ས་ཡོམ་རྗེས་སུ་རྒྱལ་ཡོངས་ས་གནས་ཁག་གིས་ཡུལ་ཤུལ་ལ་རོགས་རམ་བྱས་པ་ང་ཚོའི་བརྗེད་ཐབས་མེད། ད་ལྟ་ས་ཆ་འདི་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་རང་ལ་འབྱོར་ཕྱུག་བསྐྲུན་པ་མ་ཟད། མེས་རྒྱལ་ཀྱི་རི་ཆུའིལྕགས་རི་སྲུང་བར་ལག་རྗེས་བཞག་པ་ཡང་་རེད་ཟེར།

གངས་རི་ཚར་དུ་དངར་བའི་ཨ་ཆེན་གངས་རྒྱབ་དང་རྨ་འབྲི་རྫ་གསུམ་འགོ་ཁུངས་སྲུང་སྐྱོབ་ཁུལ་ནས་གཡུ་ཡི་སྐ་རགས་བཞིན་སྔོ་ཞིང་དྭངས་པའི་འབྲི་ཆུ་དང་རྫ་ཆུ། དེ་ནས་བྱ་བརྒྱའི་འགྲན་གླེང་གི་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བར་གྱི་ཡུལ་ཤུལ་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སྔོན་སྤེལ་ཁུལ་ཡིན་ལ། རྒྱལ་ཡོངས་དང་ཐ་ན་ཨེ་ཤ་ཡ་གླིང་ཆེན་གྱི་ཆུའི་སྐྱེ་ཁམས་ཀྱི་བདེ་སྡུག་ལ་དམ་པོར་འབྲེལ་བའི་ས་ཆ་ཞིག་ཡིན་པས། ཡུལ་འདིར་སྣོད་བཅུད་ཁོར་སྲུང་གི་ལམ་ལུགས་བཙན་པོ་ལག་བསྟར་བྱས་ཡོད་ལ། ཆུ་གསུམ་འགོ་ཁུངས་དང་། ཨ་ཆེན་གངས་རྒྱབ། རོང་པོ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་གཞི་བཅོལ་བའི་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོང་གི་མ་ལག་ཀྱང་ཆགས་ཡོད།

ཡུལ་ཤུལ་ཁུལ་གྱིས་འབད་པ་ལྷོད་མེད་བརྒྱུད་ནགས་ཚལ་ཁེབས་རྒྱ་དེ2010ལོའི3.2%ནས2019ལོའི3.97%ཇེ་ཆེར་སོང་ཡོད་པ་དང་། མི་ཁྲི1.8སྣོད་བཅུད་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ཞུགས། ཆུ་གསུམ་འགོ་ཁུངས་ཀྱི་ན་འདམ་རྒྱ་ཁྱོན་ལོ8ནང་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི1ཇེ་ཆེར་སོང་ཡོད་པ་དང་། གཙོད་ཁྱུའི་ཁ་གྲངས་སླར་སོས་ཏེ་ཁྲི7ལྷག་ལ་བསླེབས། གསའ་རིགས་ཀྱི་ཁ་གྲངས1200ལྷག་ལས་བརྒལ་བ་སོགས་ཁུལ་ཡོངས་ཀྱི་གོང་འོག་ཀུན་ཏུ་ཁོར་ཡུག་སྲུང་སྐྱོབ་ལ་དགའ་ཞིང་། སྔོ་ལྗང་རྩི་ཤིང་ལ་དགའ་བ། སྣོད་བཅུད་ལ་གོང་བཀུར་དང་གཅེས་སྐྱོང་བྱ་རྒྱུར་དགའ་བའི་ཡ་རབས་ཀྱི་གོམས་གཤིས་བཟང་བོ་ཞིག་ངང་གིས་ཆགས་བཞིན་ཡོད།

“ཆུ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། ཨ་ཆེན་གངས་རྒྱབ་ཀྱང་འཛམ་གླིང་རང་བྱུང་ཤུལ་བཞག་མིང་ཐོའི་ཁྲོད་ཚུད་པ། བོད་ཀྱི་རིག་གནས(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོབ་ཉམས་ཞིབ་ཁང་བཙུགས་པའི་བབ་དང་བསྟུན་ནས་ཡུལ་ཤུལ་གྱིས་ལོ་རྒྱུས་སུ་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་བསུས། ང་ཚོས་ངེས་པར་དུ་ཆུ་གསུམ་འགོ་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོབ་ཀྱི་འགན་དེ་ཁུར་དུ་ལེན་དགོས“ཞེས་ཡུལ་ཤུལ་ཁུལ་སྣོད་བཅུད་ཁོར་སྲུང་ཅུས་ཀྱི་ཅུས་ཀྲང་རྡོ་རྒྱལ་གྱིས་དེ་ལྟར་བཤད་བྱུང་།

ཁོན་ཐར་འཚོས་བསྒྱུར།