“བསམ་པའི་སྙིང་སྟོབས་ཚད་མཐོན་པོར་བཟུང”སྟེ་ལྗང་མདོག་གི་ཡུལ་ཤུལ་གསར་སྐྲུན་བྱས་པ།

“རང་གི་ཚེ་སྲོག་གིས་གཞན་གྱི་ཚེ་སྲོག་ལ་སོ་སྲུང་བྱེད་པ”ནི་ཨ་ཆེན་གངས་རྒྱབ་ཀྱི་རི་ཁུལ་སྐོར་ཞིབ་རུ་མི་ལྷ་འབྲུག་ཚེ་རྒྱལ་གྱི་ཉིན་རེའི་ལས་ཀ་རེད། 2017ལོའི་ཟླ7པར། ཨ་ཆེན་གངས་རྒྱབ་ནི་མདོ་དབུས་མཐོ་སྒང་གི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ཐོག་མ་རུ་གྱུར།

ཡུལ་ཤུལ་ཁུལ་གྱི་ཨ་ཆེན་གངས་རྒྱབ་ནི་གཙོད་ཀྱི་འཚོ་གནས་གཙོ་བོ་ཞིག་ཡིན། འདས་ཟིན་པའི་ལོ་ངོ10ཡི་རིང་། ལྷ་འབྲུག་ཚེ་རིང་དང་རུ་མི་ཚོས་ཨ་ཆེན་གངས་རྒྱབ་དུ་སྒར་བཏབ་ནས་ཞག་སྡོད་དང་གངས་ཐང་གོམ་པས་འཇལ་བཞིན་ས་ཆེན་འདིར་སོ་སྲུང་བྱེད་བཞིན་ཡོད།

འབད་བརྩོན་ལྷོད་མེད་བརྒྱུད་གཙོད་ཀྱི་ཁ་གྲངས་དེ་ཁྲི7ལྷག་ལ་སླར་གསོ་ཐུབ་པར་གྱུར་བ་དང་གསའ་ཚོགས་ཀྱི་ཁ་གྲངས་ཡང1200ལ་བུད་པས། རྨ་འབྲི་རྫ་གསུམ་ནི་གོ་ལ་ཧྲིལ་བོའི་གསའ་ཡི་འདུས་ཚད་སྟུག་པོའི་ཁྱབ་ཁོངས་སུ་གྱུར། གེ་སར་རྟ་རྫི་དང་གཙོད། འབྲོང། རྐྱང་། དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་ཡང་མངོན་གསལ་ཇེ་མང་དུ་སོང་ཡོད།

འདི་ནི་ཟླ4ཚེས11ཉིན་པར་དུ་བླངས་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་མངའ་ཁོངས་ཀྱི་ལྗོན་པ་རེད།

ཡུལ་ཤུལ་ཁུལ་ལ་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་འགོ་ཁུངས་སྤྱི་གླིང་ས་ཁུལ་དང་རྫ་ཆུའི་འགོ་ཁུངས་སྤྱི་གླིང་གིས་སྤྱི་གླིང་སྤྱིའི་རྒྱ་ཁྱོན་གྱི85%ཟིན་ཡོད། “ཀྲུང་ཧྭའི་ཆུ་མཛོད”དུ་གྲགས་པ་འདིས་གནས་འདི་རུ་རྒྱལ་ཡོངས་དང་ཐ་ན་ཡ་གླིང་སྐྱེ་ཁམས་བདེ་འཇགས་ཀྱི་སྲོག་རྩ་དམ་སྲུང་བྱས་ཡོད་པས། རང་རྒྱལ་གྱི་ཆུའི་ཐོན་ཁུངས་གསོ་སྤེལ་གནས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ཐོབ་པའི་མངའ་ཁོངས་གལ་ཆེན་ཞིག་ཀྱང་ཡིན།

རྨ་འབྲི་རྫ་གསུམ་གྱི་འབྲོག་པ་དག་རྩྭ་ཐང་བེད་སྤྱོད་མཁན་ནས་རྩྭ་ཐང་སྲུང་སྐྱོབ་བྱེད་མཁན་དུ་གྱུར་བ་དང་། 2015ལོར་ཀྲུང་དབྱང་གིས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་ཐག་གིས་བཅད་རྗེས། ཡུལ་ཤུལ་དུ་ཡོད་པའི་མི་གྲངས་ཁྲི1.8ལྷག་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་རྐང་དུ་ཞུགས་སུ་བཅུག

མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་ས་མཐོའི་མུའུ་ཆིག་སྟོང་ལྷག་ནི་ནགས་ཤིང་གསོ་སྤེལ་ཚོད་ལྟའི་རྟེན་གཞི་རུ་གྱུར་བ་དང་། ས་གནས་མང་ཚོགས་ཀྱིས་གཙང་སེལ་དང་བཟོ་བཅོས་བརྒྱབ་པའི་སྡོང་བོའི་ཡལ་འདབ།

ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་ཚེ་རིང་གིས་བཤད་རྒྱུར། “རི་གཙང་མ་དང་ཆུ་དྭངས་མོ་ནི་རིན་ཐང་བྲལ་བའི་གནས་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་རྐང་བཙུགས་ནས། ལྗང་མདོག་ལ་དྲིན་ལན་དང་སྐྱེ་ཁམས་ལ་དྲིན་གཟོ་བྱེད་པ་ནི་ང་ཚོའི་ཐོག་མའི་དམ་བཅའ་ཡིན་ལ། རྨ་འབྲི་རྫ་གསུམ་སྐྱེ་ཁམས་སྲུང་སྐྱོབ་དེ་ཆབ་སྲིད་ཀྱི་བརྟན་སྲུང་ལེགས་པོ་ཞིག་ཡིན་པའི་ཆ་ནས། ཆེས་ཆེ་བའི་འགན་འཁྲི་དང་ལེན་དང་ཆེས་ཆེ་བའི་དམངས་ཚིས་ལ་འགན་སྲུང་བྱེད་དགོས”ཟེར།

འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་མཛེས་ལྗོངས་ཟུར་ཤིག་ཡིན།

2013ལོའི་རྗེས་སུ། ཡུལ་ཤུལ་མངའ་ཁོངས་ཀྱི་གཏེར་སྔོག་དབང་ཆ་ཡོད་ཚད་ཕྱིར་འཐེན་སྒོས་འཆར་འགོད་ཁྲོད་ཀྱི་ཆུ་གློག་གསར་སྤེལ་རྣམ་གྲངས་ཡོད་ཚད་ཁྱོན་ཡོངས་ནས་མཚམས་བཞག་པ་རེད། ལོ་ངོ10ཡི་རིང་། ཡུལ་ཤུལ་ཁུལ་གྱིས་ཁྱོན་བསྡོམས་ནགས་ཚལ་མུའུ་ཁྲི83.81གསར་སྐྲུན་ཡོངས་འགྲུབ་དང་། ས་རྒོད་བྱེ་ཐང་ཅན་དང་ས་ནག་བཅོས་སྐྱོང་རྒྱ་ཁྱོན་མུའུ་ཁྲི464.73ལག་བསྟར་བྱས། འདམ་རའི་རྒྱ་ཁྱོན་དེ2012ལོའི་སྤྱི་ལེ་གྲུ་བཞི་མ་ཁྲི3.9ནས་སྤྱི་ལེ་གྲུ་བཞི་མ་ཁྲི5ལ་བུད་དེ། རྨ་འབྲི་རྫ་གསུམ་ས་ཁུལ་གྱི་ཆུའི་ཐོན་ཁུངས་དེ་རྨིད་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར384.88ནས་རྨིད་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར408.9ལ་བུད།

2015ལོའི་ཟླ6པར། ཡུལ་ཤུལ་གྲོང་ཁྱེར་གྱི་སྐྱེ་དགུ་ཆུ་འདོན་ཚད་ཡོད་ཀུང་ཟི་ལ་དངོས་སུ་མ་དངུལ་བཏང་སྟེ་ལས་གཉེར་བྱེད་འགོ་བརྩམས་ཤིང་། ཉིན་རེའི་ཐག་གཅོད་བྱས་པའི་བཙོག་ཆུའི་ཚད་གཞི་དེ་ཏུན་ཁྲི1.5ནས་ཏུན་ཁྲི1.8ལ་བུད་པ་དང་། ཐག་གཅོད་བྱས་པའི་བཙོག་ཆུ་ཡོད་ཚད་རྒྱལ་ཁབ་ཀྱི་རིམ་པ་དང་པོAཡི་ཚད་གཞི་ལ་སླེབས། ཡུལ་ཤུལ་གྲོང་ཁྱེར་སྐྱེ་དགུ་ཆུ་འདོན་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་པུའུ་ཡི་པུའུ་ཀྲང་འཇིགས་མེད་རྒྱ་མཚོ་ཡིས་བཤད་རྒྱུར། “བཙོག་རྙོག་ཆུ་གསོག་པ་དང་གཙང་ཆུ་ཕྱིར་བཏོན་གྱིས་གཙང་བོ་དྭངས་མོ་ཤར་དུ་བཞུར་བར་འགན་སྲུང་བྱེད་བཞིན་ཡོད”ཟེར།

འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་དགུ་དགོན་པའི་མཛེས་ལྗོངས་ཧྲིལ་བོ་ཡིན།

ལོ་འདི་དག་གི་རིང་ལ། ཡུལ་ཤུལ་གྲོང་ཁྱེར་གྱིས་རྒྱལ་ཁབ་འཕྲོད་གྲོང་ཁྱེར་གསར་སྐྲུན་དང་རྒྱལ་ཡོངས་ཀྱི་མ་དཔེ་གྲོང་ཁྱེར་ཟུང་ལྡན་གསར་སྐྲུན་བྱེད་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་དཔེར་སྟོན་གྲོང་ཁྱེར་གསར་འཛུགས་བཅས་ལེགས་འགྲུབ་བྱུང་སྟེ། ད་ལྟ་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་བཞིན་ཡོད། གྲོང་ཁྱེར་གྱི་མྱུར་མགྱོགས་འཕེལ་རྒྱས་དང་ཕྱིར་གཏོང་དཀྱེལ་ཡངས། མི་མངོན་ནུས་ཤུགས་བཅས་ཀྱིས་ཡུལ་ཤུལ་མིའི་སྲོལ་རྒྱུན་གྱི་འཚོ་བའི་བྱེད་སྟངས་ལ་ཤུགས་རྐྱེན་དང་བཅོས་སྒྱུར་ཐོབ་ཡོད།

ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་གཞོན་པ་དང་ཡུལ་ཤུལ་གྲོང་ཁྱེར་གྱི་འགོ་བ་བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར། “སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་པ་ནི་ཀྲུང་གོ་འཕེལ་རྒྱས་ཀྱི་བསྡུས་གཟུགས་ཤིག་སྟེ། བོད་ཁུལ་གྱི་འགྱུར་ལྡོག་དེ་མེས་རྒྱལ་དར་རྒྱས་ལ་ཕན་ངེས”ཟེར།

དེང་རབས་ཅན་གྱི་རྩྭ་ཐང་གི་གྲོང་ཁྱེར་གསར་བ་འདི་རུ་སྡོད་དུས་ལོ་རྒྱུས་ཀྱི་རྒྱུན་རིང་བོའི་ཁམས་པའི་རིག་གནས་དེ་དུས་རབས་དང་མཉམ་པོར་མདུན་སྐྱོད་བྱེད་བཞིན་པ་ཚོར་ཐུབ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།