ཡུལ་ཤུལ“4·14”ཡོམ་འགོག་རྒུད་སྐྱོབ་ལོ་འཁོར་བཅུ་ལོན་པའི་རྗེས་དྲན་ལ་ཕུལ་པའི་དཔྱད་བརྗོད་སྐོར་ཞིག

ལོ་ངོ་བཅུའི་སྔོན་ལ། རིམ་པ7.1ཅན་གྱི་ས་ཡོམ་དྲགས་པོ་བྱུང་སྟེ་ཡུལ་ཤུལ་གྲོང་ཁྱེར་ལ་གནོད་འཚེ་ཚབས་ཆེན་ཐེབས། ལོ་ངོ་བཅུའི་རྗེས་སུ། ནམ་མཁའ་གཡའ་དག་ཅིང་ས་གཞིར་རྡུལ་དག་ལ། རྩྭ་ཐང་ཕྱུགས་ཀྱིས་ཁེངས་ཤིང་གྲོང་ཁྱེར་ཁང་གསར་གྱིས་ཁེངས། ཚོང་བའི་འདུ་འཛི་རྒོད་ཅིང་དམངས་སེམས་འཛུམ་གྱིས་ཕྱུག་འདུག

དེ་རིང་འདས་ཟིན་པའི་གནས་ཚུལ་ལ་ཕྱིར་མིག་བལྟས་ཚེ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་གནོད་འཚེ་བྱུང་བའི་དུས་དེ་ནས་བཟུང་། ཡིད་ཆེས་བརྟན་པོས“ལོ་གསུམ་ལ་དཀའ་བ་སྤྱད་དེ་ལོ་ཉི་ཤུ་བརྒལ་བའི”ཆོད་སེམས་དང་དད་སེམས་བཅངས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་དམག་དཔུང་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ། དེ་བཞིན་པེ་ཅིང་གྲོང་ཁྱེར་དང་ལེའོ་ཉིང་ཞིང་ཆེན། ཀྲུང་གོ་འཛུགས་སྐྲུན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་སོགས་རོགས་སྐྱོར་ས་ཁུལ་དང་། ཀྲུང་དབྱང་ཁེ་ལས། རྒྱལ་ཡོངས་མི་དམངས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཡུལ་ཤུལ་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་བཞིན་ཡོད། ཡོམ་འགོག་གནོད་སེལ་དང་གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་དང་། མིའི་རིགས་ཀྱི་གནོད་འགོག་ལོ་རྒྱུས་ཐོག་གི་ཆ་རྐྱེན་སྡུག་ཤོས་དང་། དཀའ་ངལ་མང་ཤོས། གནས་ཚུལ་རྙོག་འཛིང་ཆེ་ཤོས་བཅས་ཡིན་པའི་གནོད་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ལས་ཀ་ལེགས་འགྲུབ་བྱས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ལོ་བཅུའི་རིང་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་དུས་རབས་གསར་པ་དང་། ཡུལ་ཤུལ་གསར་པ། འཚོ་བ་གསར་པ་བཅས་ཀྱི་སྒོ་མོ་ཕྱེ་ཡོད།

2016ལོའི་ཟླ8པའི་ཚེས22ཉིན་ནས་ཚེས་24ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། བརྙན་ལམ་བརྒྱུད་ནས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས་ཤིང་། རྒྱལ་ཁབ་ཀྱི་སྲིད་ཇུས་རྒྱབ་སྐྱོར་འོག་ཚང་མས་ཕྱར་བ་གྲུ་འདེགས་ངང་མཚེའུ་དང་། རྩྭ་ཐང་། ཆུ་བོ། བདག་ཏུ་མ་བཟུང་བའི་སྲོག་ཆགས་སོགས་སྣོད་བཅུད་ཐོན་ཁུངས་བདག་སྐྱོང་ཡག་པོ་བྱས་ནས་ཐོན་སྐྱེད་དང་འཚོ་བ་སྔར་བས་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

2018ལོའི་ཟླ་9ཚེས་12ནས་ཚེས13ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིའུ་ཉིང་གིས་ཡུལ་ཤུལ་དུ་རྟོག་ཞིབ་གནང་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་ལྟར། མང་ཚོགས་ལ་སློབ་གསོ་གཏོང་བ་དང་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་ཤུལ་གྱི“འཕེལ་རྒྱས་ཇེ་ལེགས་སུ་འགྲོ་བ་དང་འཚོ་བ་ཇེ་ཡག་ཏུ་འགྲོ་བའི”མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས“ལེགས་པོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བའི་ཁྲོད་ཡུལ་ཤུལ་གྱི“སྔར་བས་ཡག་པ་གཉིས”ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

ལོ་བཅུའི་ནང་ཡུལ་ཤུལ་གྱི་འཕེལ་རྒྱས་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཡོད། སྣོད་བཅུད་སྲུང་སྐྱོང་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“ལྗང་མདོག་དྲིན་ཚོར་དང་སྣོད་བཅུད་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི”འདུ་ཤེས་ལག་ལེན་བྱས་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བ། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དེ་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་གཞུང་ནང་བདེ་བླག་ངང་བཅུག་པ། ཡུལ་ཤུལ་གྱིས་མཚོ་སྔོན་གྱི་མཛེས་སྡུག་མངོན་པ་བཅས་བྱས་པས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་བྱས་ནས་ཁེ་ལས་ཀྱིས་སྐུལ་ཁྲིད་དང་མཉམ་ལས་གཉེར་སྐྱོང་བྱེད་པའི་སྣོད་བཅུད་འབྲོག་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། རིག་གནས་ཡུལ་སྐོར་གྱི་ཐོན་ལས་གསུམ་པ་དེ་དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ནུས་པ་ཆ་ཚང་བ་དང་། སྒྲིག་བཀོད་འཐུས་སྒོ་ཚང་བ། ཐ་ན་སྔོན་བརྒལ་སྔོན་ཐོན་གྱི་ཁྱིམ་གཞིས་གསར་པ་ལས་ཡུལ་ཤུལ་གྱི་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་མངོན་ཡོད།

ལོ་བཅུའི་རིང་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་ཡོད། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཡུལ་ཤུལ་གྱི“དབུལ་སྐྱོར་ཆེན་པོའི”རྣམ་པས་དུད་ཚང་དབུལ་པོ་ཚང་མར་བདེ་སྐྱིད་བསྐྲུན་པ་དང་།པེ་ཅིང་གི་ཁ་གཏད་རོགས་སྐྱོར་གྱི་རོགས་སྐྱོར་ཤུགས་ཆེན་འོག“རང་བརྟེན”དང“རིག་སྐྱོར”མཐའ་འཁྱོངས་ཀྱིས་དབུལ་པོ་དབུལ་རྐྱང་གི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ནུས་ཤུགས་ཡོད་རྒུས་དམངས་ཚིས་འགན་ལེན་བྱེད་པ་ཇེ་ལེགས་སུ་གཏོང་བ་དང་། ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གཞི་རྩའི་སྨན་རྫས་ལམ་ལུགས་དང་ནད་ཆེན་སྨན་བཅོས་འགན་བཅོལ་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་ནས་རྒྱལ་ཁབ་རིམ་པའི་ཐུམ་འབུའི་ནད་འགོག་བཅོས་ཚོད་ལྟའི་ས་ཁུལ་དུ་གྱུར། སློབ་གསོ་ནི་མི་རབས་ནས་མི་རབས་བར་དབུལ་ཐར་བྱེད་པའི་རྩ་བའི་བྱེད་ཐབས་ཤིག་ཡིན་པའི་ངོས་ནས། སློབ་གྲྭར་འགྲོ་ཚད32%ནས་98%བར་མཐོ་རུ་ཕྱིན་པ་དང་། སློབ་གྲྭར་མ་ཞུགས་གོང་བུ་བཅོལ་ཁང་དུ་ཞུགས་ཚད་3.5%ནས་68%བར་མཐོ་རུ་ཕྱིན་ཡོད།

ཡུལ་ཤུལ་གྱི་འཕེལ་རྒྱས་སྔར་བས་ལེགས་པ་དང་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་ཕྱིན་པས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་ཁ་འབྲལ་ཐབས་མེད་པ། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཕྱོགས་བཞི་མཚམས་བརྒྱད་ཀྱི་རོགས་སྐྱོར་དང་རོགས་རམ་དང་ཁ་འབྲལ་ཐབས་མེད་ལ། ཡུལ་ཤུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་ཕུགས་འདུན་དོན་གཉེར་བྱེད་པ་དང་ཁ་འབྲལ་ཐབས་མེད། རླབས་ཕྲེང་གི་འཕྱོང་བསྐྱོད་ཆེ་ནའང་། སླར་ཡང་རྒྱང་སྐྱོད་ཀྱི་ལམ་དུ་བསྐྱོད། ཡུལ་ཤུལ་གྱིས་སྔར་ལས་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ལེན་པ་དང་། དབུལ་ཐར་འགག་སྒྲོལ་ལས་རྒྱལ་བའི“ལོ་བརྒྱའི་དམིགས་ཚད་དང་པོའི”ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་ཐུན་མོང་ཐོག་རྩོམ་རྒྱུ་བཞིན་ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།