“དམངས་ཚིས་དྲོད་ཁོལ”གྱིས་ཡུལ་ཤུལ་ལ་བདེ་སྐྱིད་བསྐྲུན་པ།

བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ར་སྐོར་མང་པོ་རི་བོར་བསྙེས་ནས་སྟར་ཕྲེང་བསྒྲིགས་ཤིང་། ཉི་ནུས་ལམ་སྒྲོན་གྱིས་ས་སྲོད་འོག་གི་ས་མཐོའི་ཞིང་གྲོང་དེ་གསལ་འཚེར་རེར་བཏང་ཡོད། ཡུལ་ཤུལ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ20ཡོད་པའི་གྲོང་གསར་སྲང་ལམ་དོན་གཅོད་ཁང་གི་སྡེ་དགུ་སྡེ་བར་ས་འགུལ་ཁྲོད་གནོད་སྐྱོན་ཚབས་ཆེན་ཐེབས། 2012ལོར་སྡེ་བ་ཧྲིལ་པོ་གནས་སྤར་བྱས་ཏེ་ཚན་རྩལ་གྱི་དཔེར་མཚོན་སྡེ་བ་རུ་གྱུར། ལོ་ན34ལ་སོན་པའི་སྡེ་མི་དངོས་གྲུབ་གཡང་འཛོམས་ཚང་གི་ཤེལ་ཁང་ནང་དུ་མེ་ཏོག་ཞིའུ་ཆིག་རེ་རེ་ལ་དམར་མདངས་ཀུན་ནས་རྒྱས།

ཁང་ཀླད་དུ་ཉི་འོད་ནུས་པའི་དྲོད་ལེན་མ་ལག་སྒྲིག་འཇུག་དང་གསོལ་ཚིགས་ཁང་དུ་སྐྱེ་དངོས་བེད་སྤྱོད་ཀྱི་བསྲི་ཆགས་ཐབ་ཀ་སྒྲིག་འཇུག་བྱས། ཆུ་གོང་འོག་བར་ལ་རྒྱུ་བ་དང་ལུས་འཁྲུད་ཁང་། སྤྱོད་ཁང་ཡོ་བྱད་སོགས་སྒྲིག་ཆས་མ་ལུས་ཆ་ཚང་ཡོད། དངོས་གྲུབ་གཡང་འཛོམས་ཀྱིས་བཤད་རྒྱུར། “ཉིན་དཀར་ཉི་ནུས་ལ་བརྟེན་ནས་ཆུ་བསྲོ་བ་དང་དགོང་མོ་ཁང་པའི་ནང་དུ་ས་འོག་དྲོད་སྦུགས་ཡོད་པས། འཚོ་བའི་སྐྱིད་སྣང་སྟབས་བདེ་ཅན་དེ་གྲོང་ཁྱེར་དང་ཁྱད་མེད་”ཟེར།

གནོད་སྐྱོན་རྗེས་ཀྱི་ལོ10ཡི་རིང་། ཡུལ་ཤུལ་ཁུལ་གྱིས་ལོ་རེར75%ཡན་གྱི་ནོར་སྲིད་མ་དངུལ་བསྡུ་རུབ་བྱས་ཏེ་དམངས་ཚིས་ཐད་བཀོལ་ནས། འབྲོག་ཁུལ་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཐོན་སྐྱེད་དང་སློབ་གྲྭ་འགྲིམས་པ། འགྲིམ་འགྲུལ། སྨན་བཅོས། རྒན་གསོ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་ཚོར་མུ་མཐུད་དུ་ཇེ་མཐོར་བཏང་།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བརྒྱད་གཅིག་སྨན་ཁང་གི་སྨན་པ་བསོད་ནམས་གཡང་སྐྱིད་ཀྱིས་སྒོ་བསྟེན་ཁང་དུ་ལས་རེས་བྱེད་བཞིན་པ།

ཡུལ་ཤུལ་གྲོང་ཁྱེར་གྲོང་གསར་སྲང་ལམ་གྱི་དེང་རབས་གཞིས་ཁུལ་དུ་གསར་འགོད་པས་ས་ཚིགས་གཅིག་གི་རྣམ་པའི་དམངས་ཕན་སྟབས་བདེའི་ཚོམས་ཆེན་དེ་གཙང་ཞིང་གྲལ་དག་པ་མཐོང་། སྡོད་དམངས་བསྟན་འཛིན་ཟླ་བས་བདེ་བླག་ངང་འཕྲོད་བསྟེན་གཙང་སྤྱོད་ཁང་ལ་བཅོས་སྒྱུར་བྱས་པའི་སྲིད་གཞུང་གི་ཁ་གསབ་རོགས་དངུལ་སྒོར2000བླངས། ཁོས་བཤད་རྒྱུར། ད་ལྟ་འགན་སྲུང་དམའ་བ་དང་ཁྱིམ་ཐོ། སྨན་བཅོས་སོགས་ཀྱི་འགྲོ་ལུགས་བསྒྲུབ་རྒྱུ་དེ་ཧ་ཅང་སྟབས་བདེ་ཡིན། ཡུལ་ཤུལ་གྲོང་ཁྱེར་གྱིས་ཧུར་ཐག་སྒོས་དྲ་རྒྱ་ཅན་གྱི་བདག་དོམ་རྣམ་གཞག་ལ་སྐུལ་འདེད་བྱས་ཏེ། གྲོང་ཁྱེར་ས་ཁུལ་དུ་དྲ་མིག་མི་འདྲ་བ75རུ་དབྱེ་བགོས་བྱས་ནས། མི་དང་ས་གཞི། བྱ་དངོས། དོན་དག རྩ་འཛུགས་སོགས་དྲ་རྒྱའི་བདག་དོམ་ཁྲོད་དུ་བཞག་སྟེ་འཕྲེད་གཞུང་གཉིས་ནས་མཐར་ཐུག་ལ་ཟིན་དུ་བཅུག

སྐོར་བཞི་པའི་པེ་ཅིན་གྱི་མཚོ་སྔོན་རོགས་སྒྲུབ་ལས་བྱེད་པ་དང་ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་གི་འགོ་པ་ཀོའུ་ཡོན་གྱིས་བཤད་རྒྱུར། དོན་དངོས་ལ་བརྟེན་ནས་མཐའ་འཁོར་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། ལོ་ངོ10ཡི་རིང་ལ་ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་གིས་སྔ་གཞུག་ཏུ་འགོས་ནད་རང་བཞིན་གྱི་རིམས་ནད་ཚན་ཁག་དང་ཐུམ་འབུའི་ནད་ཀྱི་སྨན་བཅོས་རྟེན་གཞི། ཉེན་ཚབས་ཆེ་བའི་བུས་པ་གསར་སྐྱེས་ཀྱི་མྱུར་སྐྱོབས་ལྟེ་གནས་སོགས་ཚན་ཁག་མི་འདྲ་བ14གསར་དུ་བཙུགས་ནས། ལག་རྩལ་གསར་པ་དང་ལས་དོན་གསར་པ168ནང་འདྲེན་བྱས།

ས་འགུལ་གྱི་རྗེས་སུ། ཡུལ་ཤུལ་གྱིས་གཞི་ཁྱོན་ཆེན་པོའི་ངང་ཡུལ་གཞན་གནས་སྤོར་གྱི་སློབ་སྒྲུབ་བཟོ་སྐྲུན་བསྒྲུབས་ནས་སློབ་མ6247པེ་ཅིན་དང་ལའོ་ཉིང་། སི་ཁྲོན། ཧུའུ་པེ་སོགས་ས་ཁུལ་དུ་སློབ་སྦྱོང་བྱེད་པར་མངགས། ལོ་ན15ལ་སོན་པའི་རིན་ཆེན་ཡོན་ཏན་ཧྲན་ཏུང་ཐའེ་ཨན་གྱི་གསོ་རིག་སློབ་གླིང་ལ་སློབ་སྦྱོང་བྱེད་པར་མངགས་པ་དང་སློབ་རིན་ཡོད་ཚད་རིན་མེད་བྱས་པ་མ་ཟད། ད་རུང་ཟླ་རེར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར300རེ་སྟེར་བཞིན་ཡོད། ད་ལྟ། རིན་ཆེན་ཡོན་ཏན་ནི་འབྲི་སྟོད་རྫོང་བཞི་དབུས་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་པ་ཡིན། ས་འགུལ་བྱུང་རྗེས་ཀྱི་ལོ་ངོ་བཅུའི་རིང་ལ་ཡུལ་ཤུལ་ཀྱི་སློབ་གསོའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་། དམའ་འབྲིང་དང་མཐོ་འབྲིང་ལ་སློབ་འཕར་བྱེད་པའི་ཁ་གྲངས་དེ32%ནས98%ལ་འཕར། བྱིས་སྐྱོང་གླིང་གི་སློབ་ཞུགས་ཚད་གཞི་དེ་ཡང3.5%ནས68%ལ་འཕར་ཡོད།

ཁོར་སྲུང་ལས་བཟོ་པ་ཞིག་གིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་བཀྲ་ཤིས་རྟ་ཐང་སྡེ་བའི་ཐང་ཆེན་དུ་གད་སྙིགས་ལ་གཙང་སྦྲ་བྱེད་བཞིན་པ།

ཡུལ་ཤུལ་གྲོང་ཁྱེར་བཀྲ་ཤིས་རྟ་ཐང་སྡེ་བའི་ལོ་ན33ལ་སོན་པའི་སྡེ་མི་བཀྲ་ཤིས་ཟླ་བས་དབྱར་གྱི་དཔལ་མོར་རེ་བས་སྒུག ཁོས་མུ་མཐུད་དུ་སྡེ་སྒྲུབ་བོད་ཁྱིམ་སྤྲོ་སྐྱིད་གླིང་དུ་ལས་ཀ་སྒྲུབ་བཞིན་ཡོད། དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་བསྐོར་ནས་སྡེ་སྒྲུབ་ཕྱུགས་རའི་འོ་མ་བོད་ཁྱིམ་སྤྲོ་སྐྱིད་གླིང་དུ་སྐྱེལ་བཞིན་ཡོད། ད་རུང་ཁྱིམ་ཚང47གྱི་སྡེ་མི་དག་དང་མཉམ་པོར་ཚན་ཆུང་མི་འདྲ་བ་བཞི་རུ་བགོས་ནས་བོད་ཁྱིམ་སྤྲོ་སྐྱིད་གླིང་དུ་རེས་མོས་ངང་བདག་དོམ་བྱེད་བཞིན་འཚོ་བ་སྤྲོ་སྣང་གིས་ཁེངས་འདུག

“ས་རྒྱ་ཆེ་ཞིང་འཚོ་སྡོད་ཁ་ཐོར་ཡིན་པས། ཡུལ་ཤུལ་ལ་ དབུལ་སྐྱོར་བྱེད་ན་མ་རྩ་མཐོ་ལ། ཐོན་ལས་གདམ་གསེས་ལ་ཡང་དཀའ་ཁག་ཆེ”ཞེས་ཡུལ་ཤུལ་ཁུལ་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དབྱང་ཞའོ་ཝེ་ཡིས་བཤད། སྐྱེ་ཁམས་ཕྱུགས་ལས་ལ་རྐང་བཙུགས་སྟེ་ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ258ལ་ད་ལྟ་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང264ཡོད་པས། ཉེན་ཁ་ཆེ་བའི་འགོག་སྲུང་ནུས་པ་ཕན་ནུས་ངེས་ཅན་ལྡན་པའི་ངང་མཐོར་འདེགས་སུ་བཏང་འདུག

ན་ནིང་ལོ་སྟོད་ལ་ཡུལ་ཤུལ་དུ་ལོ་ངོ10ཡི་རིང་ལ་བྱུང་མ་མྱོང་བའི་ཁངས་སྐྱོན་ཚབས་ཆེན་བྱུང་བས། གནད་འཁེལ་དབུལ་སྐྱོར་སྲིད་ཇུས་དང་འགྲིམ་འགྲུལ། ཕྱུགས་ལས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དེ་རྒྱུན་རིང་པོར་འཕེལ་རྒྱས་སུ་འགྲོ་བར་ཕན། དེ་ཡང་གོད་ཆག་ཆེན་པོར་འཕྲད་ན་ཡང་གནོད་འཚེ་ཆེན་པོ་ཐེབས་མེད། ད་ལྟ་ཡུལ་ཤུལ་ཁུལ་དབུལ་སྐྱོར་བྱུང་བའི་ཚད་གཞི་དེ་ལོ་ལྔའི་ཡར་སྔོན་གྱི34%ནས3%ལ་མར་འགྲིབ་པ་དང་ཁུལ་ཡོངས་སུ་ལྟོས་བཅོས་ཀྱི“དབུལ་ཁྱིམ་གཙང་སེལ”དམིགས་འབེན་ཡང་མངོན་འགྱུར་བྱུང་ཡོད།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྒྱལ་རྗེ་གཞིས་ཁུལ་མི་རིགས་རྒྱན་ཆོས་ལས་སྣོན་ཁང་དུ་ས་གནས་འབྲོག་པ་བསོད་ནམས་མཁའ་འགྲོ་ཡིས་གྱོན་ཆས་འཚེམ་བཞིན་པ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།