ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་འགོས་ནད་ཆེད་ཚན་སྨན་ཁང་ཐོག་མ་ཡུལ་ཤུལ་དུ་སྐྲུན་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས11ཉིན། ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་བཞི་པའི(འགོས་ནད་ཆེད་ཚན་སྨན་ཁང)འཛུགས་སྐྲུན་ལས་གཞི་ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་ཏུང་ཧྥུན་གྲོང་ཚོར་སྐྲུན་འགོ་ཚུགས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་བཞི་པའི(འགོས་ནད་ཆེད་ཚན་སྨན་ཁང)འཛུགས་སྐྲུན་ལས་གཞི་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་འཚོར་དོ་ཁུར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གཞན་ཞིག་དང་། བདེ་ཐང་ཡུལ་ཤུལ་གཏོད་པ། “ཉིན་རེར་ལེགས་འགྲོ་རྣམ་གཉིས”ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པའི་ལས་གཞི་གལ་ཆེན་གཞན་ཞིག་ཡིན་པ་རེད། སྨན་ཁང་གིས་བསྡོམས་པའི་སྒོར་དུང་ཕྱུར1.67བཏང་སྟེ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི2.2ཟིན་པ་དང“རིམ་པ་གཉིས་པའི་ཀ་པ་རིམ་པའི”ཆེད་ཚན་སྨན་ཁང་གི་ཚད་ལྟར་བསྐྲུན་ནས་ཐོག་མར་ཉལ་ཁྲི200སྒྲིག་བཟོ་བྱ་རྒྱུ་རེད། སྨན་ཁང་བསྐྲུན་རྗེས་ཡུལ་ཤུལ་ལ་གཞི་ཚུགས་པ་དང་མཐའ་འཁོར་དུ་ཁྱབ་པ། སྒྲིག་བཀོད་ཆ་ཚང་བ། ནུས་པ་འཐུས་ཚང་བཅས་ཀྱི་དེང་རབས་ཅན་གྱི་འགོས་ནད་ཆེད་ཚན་སྨན་ཁང་ཞིག་ཏུ་འགྱུར་རྒྱུ་དེའང་། ཞིང་ཆེན་ཡོངས་དང་བོད་རིགས་ས་ཁུལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་འགོས་ནད་ཆེད་ཚན་སྨན་ཁང་ཐོག་མ་ཡིན་པ་རེད།

ཡུལ་ཤུལ་ཁུལ་ནི་ས་གནས་རང་བཞིན་གྱི་ནད་རིགས་དང་འགོས་ནད་འབྱུང་རྒྱུ་མང་བའི་ས་ཁུལ་ཞིག་ཡིན་པ་དང་། ལྷག་པར་དུ་མཆིན་ནད། འདུས་འདྲིལ་གཅོང་ནད། ཐུམ་འབུའི་ནད་སོགས་ཀྱིས་མི་སེར་གྱི་བདེ་ཐང་ལ་དུས་ཡུན་རིང་པོར་ཉེན་ཁ་བཟོ་གི་ཡོད། ཉེ་བའི་ལོ་ཤས་རིང་། གཅིག་སྡུད་ཡོངས་ཁྱབ་ཞིབ་བཤེར་དང་། གཅིག་བསྡུས་ནད་བརྟག་སྨན་བཅོས་བྱས་པ་བརྒྱུད་ནད་གཞི་ཕོག་ཚད་དམའ་པོར་ཆགས་ཡོད་མོད། འོན་ཀྱང་རྩ་བའི་ཐོག་ནས་གནད་དོན་དེ་ཐག་གཅོད་བྱ་དགོས་ན། ད་དུང་རང་ངོས་ཀྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་ནུས་པ་འཛུགས་སྐྱོང་ཟམ་མི་ཆད་པར་མཐོ་རུ་གཏང་དགོས་པ་དང་། ཚད་ལྡན་ཅན་དང་ཚན་རིག་ཅན་གྱི་སྨན་བཅོས་ལ་བརྟེན་ནས་མངོན་འགྱུར་བྱ་དགོས། སྨན་ཁང་དེ་བསྐྲུན་རྗེས་ས་གནས་དེ་གའི་མི་སེར་གྱི་བདེ་ཐང་ལ་གོ་ཆོད་བེད་ཡོད་ཀྱི་སྤུས་ལེགས་ཞབས་ཞུ་བྱ་་བྱས་ཆོས་པརེད།

གཡང་སྐྱིད་ཀྱིས་བསྒྱུར།