【དུས་རབས་གསར་པ། ཡུལ་ཤུལ་གསར་པ། འཚོ་བ་གསར་པ།】སློབ་གསོ་དར་བའི་ཡུལ་ཤུལ། རེ་བའི་བརྟས་པའི་ཡུལ་ཤུལ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2019ལོའི་ཟླ7པར། མཐོ་རྒྱུགས་སྐར་གྲངས་ཁྱབ་སྒྲོག་བྱས་ཉིན་གནས་ཚུལ་ཞིག་ཡུལ་ཤུལ་ཁུལ་ཡོངས་སུ་གྲགས། དེ་ནི་སློབ་བུ་ཨོ་རྒྱན་ཆོས་འཕེལ་དང་ཚེ་རིང་དོན་གྲུབ་གཉིས་ཀྱིས་སོ་སོར་སྐར་གྲངས630དང587གྱི་སྐར་འབྲས་མཐོ་ཤོས་བླངས་པའི་གནས་ཚུལ་དེ་ཡིན་ཞིང་། ཁོ་གཉིས་ཀྱི་སྐར་འབྲས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐོ་རྒྱུགས་ལས་རིག་ཚན་དང་རྩིས་ཚན་གྱི་སྐར་འབྲས་རྩེ་གྲས་ཁྲོད་ཡང་ཚུད་པ་རེད།

ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། “ད་ལྟ་ངས་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཁྲིམས་ལུགས་རིག་པའི་ཆེད་ལས་སྦྱོང་བཞིན་ཡོད་ལ། མཐོ་རྒྱུགས་ཀྱི་གྲུབ་འབྲས་འདི་ལྟ་བུ་ཞིག་བླངས་པར། གཙོ་བོ་ངའི་ཕ་ཡུལ་གྱིས་ང་རང་ཞིང་ཆེན་གཞན་གྱི་སློབ་གྲྭ་བཟང་པོར་བསྐྱལ་ནས་སློབ་སྦྱོང་བྱེད་དུ་བཅུག་པ་དེ་ཡིན། སློབ་མཐར་ཕྱིན་རྗེས། ང་རང་ཕྱིར་ཡུལ་ཤུལ་དུ་ལོག་འདོད། ངའི་ཕ་ཡུལ་གྱི་བཅའ་ཁྲིམས་ཁྱབ་གདལ་ས་ཁུལ་གཞན་དང་བསྡུར་ན་རྗེས་ལུས་ཡིན་པས། ང་རང་ཕ་ཡུལ་དུ་ལོག་ནས་ཡུལ་མི་མང་པོ་ཞིག་ལ་ཁྲིམས་ཤེས་པ། ཁྲིམས་རྟོགས་པ། ཁྲིམས་སྲུང་ཤེས་པ་ཞིག་དུ་འཇུག་འདོད།”

2014ལོའི་ཚུན་ལ། མ་དངུལ་སྒོར་དུང་ཕྱུར10.3བཏང་ནས། འོས་འགན་སློབ་གསོའི་འཛུགས་སྐྲུན་ལས་གཞི222ལག་བསྟར་བྱས་ཏེ། འོས་འགན་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་བཅོས་བྱས་པ་དང་། མཐོ་འབྲིང་ཕལ་བའི་ཐོན་ཁུངས་མུ་མཐུད་དུ་ཇེ་ལེགས་སུ་བཏང་། ད་སྔར། ཡུལ་ཤུལ་ཁུལ་ཡོངས་ལ་སློབ་འབྲིང2དང་མཐོ་འབྲིང6ཡོད་ལ། སློབ་གྲྭ་རུ་སྡོད་པའི་སློབ་མ10234ལ་སླེབས་ཡོད། ལས་རིགས་ལག་རྩལ་སློབ་གྲྭ2ཡོད་ལ་སློབ་མ5844ཡོད། དེའི་ཁྲོད། སྐྱེ་ཁམས་ཁོར་སྲུང་དང་གྲ་སྒྲིག་སློབ་གསོ། ནད་ཞབས་པ། རྩིས་འཁོར་བཅས་ཀྱི་ཆེད་ལས4ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས་ཁྲོད་ཚུད་པ་རེད།

ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་གཞོན་པ་ཀུན་དགའ་དོན་གྲུབ་ཀྱིས་བཤད་རྒྱུར། ཡུལ་ཤུལ་དུ་ས་ཡོམ་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཡུལ་ཤུལ་གྱི་འབྱུང་འགྱུར་འཆར་འགོད་ནི‘སྐྱེ་ཁམས། ཉོ་ཚོང་། ཡུལ་སྐོར་གྲོང་ཁྱེར’ཡིན་པ་དང་། སྐྱེ་ཁམས་ཨང་དང་པོར་བཞག་ཡོད། ཡུལ་ཤུལ་ནི་གཙང་གསུམ་ཆུ་འགོའི་ལྟེ་བའི་ས་ཁོངས་ཡིན་པ་མ་ཟད། རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ས་ཁུལ་ཡང་ཡིན་པས། ང་ཚོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་འགན་ཧ་ཅང་ལྕི། སྐྱེ་ཁམས་ནི་ཡུལ་ཤུལ་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ཡིན་པས། ང་ཚོས་སྔར་ལས་ཀྱང་དེ་མཚུངས་ཀྱི་དོ་དམ་སྲུང་སྐྱོབ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་གཞག་ཡུན་རིང་པོར་སྒྲུབ་དགོས་ཟེར།

2010ལོར། ཡུལ་ཤུལ་ཁུལ་གྱིས་པེ་ཅིང་གི་ཁ་གཏད་རོགས་སྐྱོར་ལ་བརྟེན། མཐོ་འབྲིང་དང་འབྲིང་རིམ་ལས་རིགས་ལག་རྩལ་གྱི་ཡུལ་གཞན་ནས་སློབ་སྒྲུབ་ལས་གཞི་སྒྲུབ་པར་གྲོས་མཐུན་བྱུང་སྟེ། ས་གནས་གཞན་ནས་འཛིན་གྲྭ་སྒྲུབ་པའི་གཞི་རྒྱ་ཆེ་རུ་སོང་བ་རེད། 2015ལོ་ནས་ད་ལྟའི་བར། ཡུལ་ཤུལ་ཁུལ་གྱིས་ས་གནས་གཞན་ལ་སློབ་མ6147བསྐྱལ་ཡོད། དེའི་ཁྲོད95%ཡན་རོང་འབྲོག་ཁྱིམ་ཚང་ནས་ཡོང་པ་ཡིན་ལ། སྐོར་ཞིག་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་རེད།

སློབ་མ་དང་ཁྱིམ་བདག་གི་དཔལ་འབྱོར་ཐད་སེམས་ཁྲལ་མེད་པ་བཟོ་ཆེད།ཡུལ་ཤུལ་ཁུལ་གྱིས་ལོ་རེར་པེ་ཅིང་གི་ཁ་གཏད་རོགས་སྐྱོར་མ་དངུལ་ཁྲོད་སྒོར་ཁྲི3780བླངས་ནས། ས་གནས་གཞན་གྱི་མཐོ་འབྲིང་སློབ་མའི་འཚོ་བའི་འགྲོ་སོང་སྟེང་སྤྱོད་བཞིན་ཡོད་པ་དང་། མི་རེར་ཆ་སྙོམས་ཀྱི་འགྲོ་སོང་ལོ་རེར་སྒོར་ཁྲི་གཉིས་ཡིན་ལ། ཁྱོན་བསྡོམས་སྒོར་དུང་ཕྱུར1.5784ཡིས་ཁ་གསབ་གནང་ཟིན། 2017ལོ་ནས་བཟུང་། བསྟུད་མར་ལོ་གསུམ་ལ་དབུལ་སྐྱོར་ཁ་གཏད་ཁྱིམ་ཚང་གི་མཐོ་འབྲིང་སློབ་མར་ལོ་རེར་སྒོར5000ཁ་གསབ་གནང་སྟེ། ཁྱོན་བསྡོམས་སྒོར་ཁྲི1414ཡི་ཁ་གསབ་བྱིན་ནས་དབུལ་ཕོངས་སློབ་མ2828ལ་ཕན་ཁེ་བསྐྲུན་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།