ཆུ་བོ་གཅིག་གི་བུ་རྒྱུད་ཡུལ་ཤུལ་དང་ནི་ཝུའུ་ཧན། སྤུན་ཟླའི་དྲིན་ལན་བསུབ་ཕྱིར་དབྱར་རྩྭ་དགུན་འབུ་ཕུལ་སོང་།

ཀྲུང་གོའི་དཔལ་འབྱོར་ཚགས་པར་རྫོང་ཁོངས་དཔལ་འབྱོར་ཚགས་པར་གྱིས་སྤེལ་བའི་འཕྲིན། ལོ་བཅུའི་ཡར་སྔོན་ཏེ2010ལོའི་ཟླ4བར། མཚོ་སྔོན་ཡུལ་ཤུལ་ལ་ས་ཡོམ་གྱི་འཇིགས་པ་བྱུང་དུས། རྒྱལ་ཡོངས་མི་དམངས་ཀྱིས་ལག་ཟུང་དྲོན་མོ་རིང་དུ་བསྐྱངས་ནས་ཡོམ་ཁུལ་གྱི་ཁྱིམ་གཞིས་བསྐྱར་སྐྲུན་བྱས་པའི་དྲིན་དེ་ཡུལ་ཤུལ་མི་དམངས་ཀྱིས་དུས་རྟག་ཏུ་ཡིད་ལ་བསམ་ཞིང་ཉར་ནས་ཡོད་དེ། 2020ལོའི་ཟླ1པོར། ཧུའུ་པའེ་ཞིང་ཆེན་ཝུའུ་ཧྲན་དུ་ཏོག་དབྱིབས་གློ་ཚད་ནད་ཡམས་ཀྱིས་སེམས་ཅན་མི་འདོད་སྡུག་ལ་སྦྱར་བའི་སྐབས་སུ། རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཁྲལ་ཚད་མེད་དང་། ནད་ཀྱིས་གཙེ་བའི་ནད་པས་མངོན་སུམ་འཛེམ་མེད་ཀྱིས་ནད་ཡམས་ལ་གདོང་གཏད་པའི་སྐབས་སུ། ཧུའུ་པའེ་མི་དམངས་དང་ཆུ་རྒྱུད་གཅིག་པའི་ཡུལ་ཤུལ་མི་དམངས་ཀྱིས་ཀྱང་ཉིན་མཚན་ཀུན་ཏུ་ཡམས་ཁུལ་གྱི་ནད་པ་དང་སྤུན་ཟླར་སེམས་ཁུར་ཚད་མེད་བྱས།
         ལོ་བཅུའི་ཡར་སྔོན་ལ་ཡུལ་ཤུལ་མི་དམངས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་ཐད་རྒྱལ་ཡོངས་མི་དམངས་ཀྱིས་རོགས་སྐྱོར་གནང་བ་དེ་དང་། ཆེད་མཁས་པས་གློ་བར་ཕན་པའི་སྨན་དུ་དབྱར་རྩྭ་དགུན་འབུ་འོས་འཚམ་རེ་བསྲེས་ན་མིའི་ལུས་ཟུངས་གསོ་ཐུབ་ཅིང་དུག་འགོག་ནུས་པ་བསྐྱེད་ཐུབ་པའི་ཕན་ནུས་ཡོད་ཅེས་པའི་སྐད་ཆ་དེ་ཐོས་རྗེས། ཐེངས་འདིའི་ནད་ཡམས་ཀྱི་འཐབ་རྩོད་ཁྲོད་དབྱར་རྩྭ་དགུན་འབུའི་སྦྱིན་པ་རེ་བཏང་ནས་དེ་འདྲའི་ནུས་པ་གོ་ཆོད་པ་ཞིག་བྱུང་ན་ཅི་མ་རུང་སྙམ་ནས་ཟླ2པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བོད་རིགས་མང་ཚོགས་ཀྱིས་སྒོར་ཁྲི320ཡི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་ཕུལ་བའི་མཛད་སྒོ་ཟི་ལིང་ནས་བསྡུས་ཤིང་། མཛད་སྒོ་མཇུག་སྒྲིལ་རྗེས་ཞལ་འདེབས་འདི་སྐུལ་མ་གནང་མཁན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་བྱ་ཕུག་ཐང་གྲོང་རྡལ་གྱི་འབྲོག་པ་བསོད་ནམས་དབང་གྲགས་ཀྱི་སེམས་བདེ་ལ་བབས་སོང་། དེ་ནི་ཡུལ་ཤུལ་ཁུལ་གྱི་འབྲོག་པ་མང་ཚོགས3000ལྷག་གི་རེ་བཅོལ་ཇི་བཞིན་དུ་འཕྲོད་པས་སེམས་བདེ་ལ་བབས་པ་རེད། 

ཟླ2ཚེས7ཉིན། བསོད་ནམས་དབང་གྲགས་མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་སྒོར་ཁྲི160ཡི་དབྱར་རྩྭ་སྐོར་ཁག་དང་པོ་ཞལ་འདེབས་འབུལ་བའི་ལས་སུ་ཞུགས་རྗེས། མཐུན་ཚོགས་དྲུང་ཆེ་ཡའོ་ཞའོ་པའོ་བར་གྲོས་མོལ་མཛད་མཐར། ཡུལ་ཤུལ་བསྐྱར་སྐྲུན་བྱས་རྗེས་རྒྱལ་ཁབ་ཀྱི་དམངས་ཕན་དང་དམངས་ཕྱུག་སྲིད་ཇུས་ཀྱི་འཁྲིད་སྟོན་དང་ཡར་སྐུལ་འོག ཡུལ་ཤུལ་མང་ཚོགས་དབུལ་བོ་ལས་ཐར་ཏེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་ཅིང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འགྱུར་ལྡོག་འདི་ནི་ཏང་དང་རྒྱལ་ཁབ། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ལ་རག་ལས་ཡོད་པས། ཧུའུ་པའེ་ཝུའུ་ཧན་ལ་ནད་ཡམས་ཀྱིས་གཙེ་བའི་ཚུལ་ལ་ཡུལ་ཤུལ་མི་དམངས་ཀྱིས་ཀྱང་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། གལ་ཏེ་དབྱར་རྩྭ་དགུན་འབུ་ཞལ་འདེབས་ཡིས་ཡུལ་ཤུལ་མི་དམངས་ཀྱིས་དྲིན་མཚོན་བྱེད་དང་། ལོ་དེར་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བསྐྱར་བསྐྲུན་བྱས་པའི་དྲིན་གཟོའི་གོ་སྐབས་ཤིག་ཏུ་ངེས་ཆོག་ན་ཅིས་ཀྱང་བསྒྲུབ་ཆོག་ཆོག་ཡིན་པའི་ཁ་སེམས་མཐུན་པའི་ངོར། ཐེངས་འདིའི་སྒོར་ཁྲི320ཡི་དབྱར་རྩྭ་ཞལ་འདེབས་སྐོར་གཉིས་པ་འདི་བསྒྲུབས་པ་རེད།

བསོད་ནམས་དབང་གྲགས་རང་ཉིད་ནས་སྒོར་འབུམ་གཅིག་གི་དབྱར་རྩྭ་ཞལ་འདེབས་གནང་རྗེས་གྲོགས་ཚོམས་སུ་སྙིང་རྗེ་ཞལ་འདེབས་འབུལ་བའི་ཆ་འཕྲིན་བསྐུར། ཡའོ་ཞའོ་པའོ་ཡིས་འདི་སྐད། དབྱར་རྩྭ་དགུན་འབུ་སྐོར་ཁག་གཉིས་པ་སློང་བར་རང་ལ་སེམས་ལ་གདེང་ཚོད་ཆེན་པོ་མེད་པས། ཁ་པར་གྱི་ལམ་ནས་ཡུལ་ཤུལ་གྱི་དབྱར་རྩྭ་དགུན་འབུ་ཚོང་བ་འགའ་བར་གང་ཐུབ་ཅི་ནུས་ཀྱིས་གནས་ཚུལ་བཤད་པ་ཡིན་ཟེར།


ཚེ་རིང་དཔའ་མོ་ནི་ཚོང་བ་དེ་དག་གྲས་ཀྱི་གཅིག་རེད། ཡུལ་ཤུལ་གྲོང་ཁྱེར་སྐྱེ་དགུ་གྲོང་ནས་དབྱར་རྩྭའི་ཚོང་གཉེར་ནས་ལོ་ངོ11འགོར་བའི་ཁོ་མོ་མ་གཞི་ནས་མི་སྙིང་རྗེ་ཅན་ཞིག་ཡིན། མཚོ་སྔོན་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་རྗེས་མོས་ལ་ཞི་ཚེ་རིང་རྒྱལ། དཔལ་སྐྱིད་སོགས་གྲོགས་པོ་རྣམས་ལ་ཁ་པར་བཏང་བ་ན་བློ་ཡུལ་ལས་འདས་པའི་མོས་འཐད་དང་བསྔགས་བརྗོད་ཐོབ་པས།“དབྱར་རྩྭ་གནང་ནས་བརྩེ་བ་སྦྱིན་”ཞེས་པའི་བྱ་འགུལ་འདི་སྐད་འཕྲིན་གྱི་གྲོགས་ཚོམས་སུ་བརྒྱུད་བསྐུར་བྱེད་འགོ་བརྩམས་པ་རེད།

 དེ་མུར་ཡུལ་ཤུལ་གྲོང་ཁྱེར་སྡོད་ཁུལ་གྱི་མང་ཚོགས་ཀྱིས་དབྱར་རྩྭ་སྦྱིན་རྒྱུ་དང་། ཁྲི་འདུ་རྫོང་གི་འབྲོག་པ་མང་ཚོགས་ཀྱིས་གནས་ཚུལ་ཞིབ་འདྲི། ནང་ཆེན་རྫོང་མང་ཚོགས་ཀྱིས་ནམ་དུས་ཞལ་འདེབས་གཏང་རྒྱུ། ཆུ་དམར་ལེབ་རྫོང་གི་འབྲོག་པས་ཞལ་འདེབས་ཀྱི་རྗེས་འབྲེལ་བ་གང་ལ་བྱེད་པ་སོགས་སྐད་ཆ་གསལ་པོ་དྲིས་ཐོག་རང་མོས་རང་འཐད་ཀྱི་སྒོ་ནས་ཧུའུ་པའེ་ཝུའུ་ཧན་གྱི་གནོད་ཁུལ་ལ་གངས་ལྗོངས་མཐོ་སྒང་གི་སྨན་རྩྭ་རྩ་ཆེན་དབྱར་རྩྭ་དགུན་འབུ་གཅིག་རྗེས་གཉིས་འཕྲོར་ཞལ་འདེབས་སུ་ཕུལ་བ་རེད།

ཧུའུ་པའེ་ཝུའུ་ཧན་གྱི་ནད་པ་དང་སྨན་པ་རྣམས་ལ་བཅངས་པའི་བརྩེ་བ་ལྷད་མེད་བསྣམས་པའི་ཡུལ་ཤུལ་ཁུལ་གྱི་རྫོང(གྲོང་ཁྱེར)དྲུག་གི་འབྲོག་པ་མང་ཚོགས3000ལྷག་གི་བརྩེ་དྲོན་ཆེན་པོས་གངས་ཀྱིས་བཟུང་བའི་རྨ་འབྲི་རྫ་གསུམ་འགོ་ཁུངས་ཡང་ཞུ་བར་བཏང་ལ། ཁོ་ཚོའི་ཁྲོད་དུ་ལོ་རྒན་བདུན་ཅུར་སོན་པའི་བགྲེས་སོང་དང་། ལོ་ན་བཅུ་ཕྲག་སོན་མ་ཐག་གི་བྱིས་པ་ཡོད་པ་རེད། ལ་ཞི་ཚེ་རིང་རྒྱལ་གྱིས་བཤད་རྒྱུར། ཚེ་རིང་དཔའ་མོའི་གྲོགས་ཚོམས་སུ་དབྱར་རྩྭ་ཞལ་འདེབས་གནང་བའི་རེ་སྐུལ་བསྐུར་བ་མཐོང་རྗེས་ངས་ཀྱང་ཁོ་མོའི་རེ་སྐུལ་དེ་བརྒྱུད་བསྐུར་བྱས་མ་ཐག གྲོང་ཚོའི་གྲོང་མི་མང་པོ་ཞིག་གི་རྒྱབ་སྐྱོར་ཐོབ། ཚང་མས་སོ་སོ་ནས་དབྱར་རྩྭ་རྐང་བཅུ་རེ་དང་ཡང་ན་བརྒྱད་རེ་སྦྱིན་ནས་རྐང་བརྒྱ་དེ་མུར་ཚགས་བྱུང་ལ། ཕར་བལྟས་ན་གྲངས་ཀ་ཉུང་ཉུང་ཞིག་ལས་མེད་མོད་ཚང་མ་གྲོང་ཚོའི་གྲོང་མི་རྣམས་ཀྱི་ལྷག་བསམ་རེད་ཟེར།

ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་གྱི་འབྲོག་པ་དབང་གྲགས་ཀྱིས་ངས་དབྱར་རྩྭ་རྐང400སྦྱིན་རྗེས་ཁྱིམ་རྒྱུད་ཀྱི་ཁྱིམ་ཚང་བཅུ་ཕྲག་གིས་ཀྱང་དབྱར་རྩྭ་སྲང་དྲུག་སྦྱིན་བྱུང་བར་སྒོར་མོར་བཞག་ན་ཁྲི4ཡས་མས་སྦྱིན་སོང་། དུས་རྒྱུན་ཟས་སྤྱོད་གང་གི་ཆ་ནས་གྲོན་ཆུང་ལ་ཤིན་ཏུ་དགའ་ཡང་། ཞལ་འདེབས་འབུལ་བའི་དགེ་བའི་ལས་ལ་ཕངས་མེད་དུ་བཏང་བྱུང་བར་ང་ལ་ཡི་རང་ཚད་མེད་ཐོབ།

ནང་ཆེན་རྫོང་འབྲོག་ཤོག་གཞུང་གི་འབྲོག་པ་རྡོ་རྗེ་ནི་དུས་རྒྱུན་ཚོང་ཆུང་ངུ་རེ་རྒྱག་མཁན་ཞིག་ཡིན། ནམ་རྒྱུན་ཡུལ་ཤུལ་དང་ཟི་ལིང་གི་བར་ཕར་རྒྱུག་ཚར་རྒྱུག་བྱས་ནས་བསྡད་ཡོད། ཁོས་བཤད་རྒྱུར“དབྱར་རྩྭ་གནང་ནས་བརྩེ་བ་སྦྱིན”ཞེས་པའི་སྐུལ་མ་བཀྲམས་ནས་ཉིན་འགའ་ཤས་ནང་ནང་ཆེན་རྫོང་ཁོ་ནས་དབྱར་རྩྭ་རྒྱ་མ་བཅུ་ཕྲག་གནང་སོང་། ཐེངས་འདིའི་གནང་སྦྱིན་བྱས་པའི་དབྱར་རྩྭ་ཚང་མ་རགས་ཞིབ་དང་བཟང་ངན་འདེམས་ནས་སྒམ་ཆུང་ནང་བླུགས་པ་དང་། སྒམ་ཆུང་རེར་དབྱར་རྩྭ་ཁེ32བྱས་ནས(སྒམ་ཆུང་རེའི་རིན་པརསྒོར5000རེ་ཡིན)སྒམ་ཆུང600ཡོད་ལ། ཡུལ་ཤུལ་མི་དམངས་ཀྱི་བརྩེ་དྲོན་ཟབ་མོ་མཚོན་པའི་སྤུས་ལེགས་དབྱར་རྩྭ་དེ་དག་ཞིང་ཆེན་སྲིད་གཞུང་དང་མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པ་སོགས་ལས་ཁུངས་བརྒྱུད་ཧུའུ་པའེ་ཧུའུ་ཧན་ལ་བསྐྱལ་གྲབས་ཡོད་ཟེར།

བསོད་ནམས་དབང་གྲགས་ཀྱིས་ཡུལ་ཤུལ་ཁུལ་འབྲོག་པ་མང་ཚོགས་ཀྱི་ཚབ་བྱས་ནས་ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་བཤད་རྒྱུར། ནད་ཡམས་ལ་བརྩེ་བ་མེད་ཀྱང་མི་སེམས་ལ་བརྩེ་བ་ཡོད། ལོ་བཅུའི་ཡར་སྔོན་ས་ཡོམ་བྱུང་བའི་ཡུལ་ཤུལ་མི་དམངས་ཀྱིས་སེམས་པ་མཚོན་བྱེད་དུ། རང་རྟོགས་སྒོས་མང་ཚོགས་སྒྲིག་འཛུགས་བྱས་ནས་ནད་ཡམས་འགོག་བཅོས་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་བཏོན་ཡོད་ལ། འདིས་ཐེངས་འདིའི་ནད་ཡམས་འགོག་རྒོལ་གྱི་གཡུལ་སར་ཕན་རེ་ཐོགས་པར་སྨོན། ང་ཚོར་ཏང་དང་སྲིད་གཞུང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལ་ཡིད་ཆེད་ཡོད་ལ། ལྷག་པར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཉམས་ཤུགས་བཏོན་ན་ཧུའུ་པའེ་ཝུའུ་ཧན་གྱི་ནད་ཡམས་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད། མཐར་མེས་རྒྱལ་མངའ་ཐང་རྒྱས་པའི་སྨོན་འདུན་ཞུ།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་འབྲེལ་ཡོད་འགན་འཁུར་པས། “ང་ཚོས་ཞལ་འདེབས་འབུལ་མཁན་གྱི་སེམས་འདུན་ལྟར་ཞལ་འདེབས་ཀྱི་དབྱར་རྩྭ་རྣམས་ནད་ཡམས་འགོག་འཛིན་བཅོས་གསུམ་བཀོད་འདོམས་པུའུ་ལ་སྙན་སེལ་ཕུལ་རྗེས་དབྱར་རྩྭ་རྣམས་འཕྲལ་དུ་ཡམས་ཁུལ་གྱི་ནད་ཡམས་འགོག་བཅོས་ཁྲོད་བེད་སྤྱོད་གཏང་ཐུབ་པར་བྱ་ངེས”ཟེར།

ཁོན་ཐར་འཚོས་བསྒྱུར།