ཡུལ་ཤུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན། ཉེ་སྔོན་གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་གྲོང་ཁྱེར་སྒྲིག་བཀོད་འཁོར་སྐྱོད་ཞབས་ཞུ་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན།གྲོང་ཁྱེར་སྲིད་གཞུང་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་པ་ཚོས་ལས་གནས་བརྟན་སྲུང་དང་དམངས་ལ་ཞབས་འདེགས་ཞུས་ཏེ་དྲོད་འདོན་དང་། ཆུ་མཁོ་འདོན། ཆུ་འབུད་སོགས་ཀྱི་ཁེ་ལས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་ཡོད་པ་རེད།

ཆུ་འདོན་བདེ་འཇགས་ནི་འོས་འགན་ཡིན་ལ་འགན་འཁྲི་དེ་བས་ཀྱང་ཡིན། ཁོང་ཚོས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཆུ་སྤྱོད་འཚོ་བ་སེམས་ནང་བཞག་ནས་ཞིབ་ཕྲའི་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་དགོས་པ་དང་། ཡུལ་ཤུལ་གྲོང་ཁྱེར་ཆུ་མཁོ་འདོན་ཀུང་སིར་ཆུ་མཁོ་འདོན་གྱི་ལས་རེས་མི་སྣས་གྲོང་མིས་ཁ་པར་བརྒྱབ་ནས་རང་ཁྱིམ་གྱི་སྦུག་ཆུ་གློ་བུར་དུ་ཆད་པས་ཞིག་གསོ་མི་སྣ་ཡུལ་དངོས་སུ་བསྐྱོད་སྐབས་ཚངས་ཐིག་ཧའོ་སྨི100ཡོད་པའི་མདོང་ལམ་གཙོ་བོའི་ཆུ་འཐེན་འཕྲུལ་འཁོར་ལ་གནད་དོན་ཤོར་པ་ཤེས་བྱུང་། ཀུང་སིས་འཕྲལ་མ་ཉིད་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་སྔོག་འདོན་མྱུར་བཟོ་བྱས་པ་དང་གྲང་ངར་ཆེ་བའི་གྲང་རླུང་ཁྲོད་ཆུ་ཚོད་ཁ་ཤས་རིང་ཛ་དྲག་ངང་མྱུར་བཟོ་བྱས་ནས་ཆུ་ཤར་གཏོང་ཐུབ་པ་བྱུང་ཡོད། ཕྱི་དྲོ་སླར་ཡང་ཡུལ་མིའི་སྡོད་གནས་སུ་ཆུ་རྒྱུགས་པའི་ཁ་པར་འབྱོར་རྗེས་ཉམས་གསོ་མི་སྣ་སླར་ཡང་ཡུལ་དངོས་སུ་བསྐྱོད།

ཡུལ་ཤུལ་གྲོང་ཁྱེར་ཆུ་མཁོ་འདོན་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་པ་ཚེ་རྡོར་གྱིས་བཤད་རྒྱུར། “ད་ལོ་ང་ཚོས་ཆུ་མཁོ་འདོན་གྱི་འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། དམིགས་བསལ་ལས་གནས་ཀྱི་མི་སྣར་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ། ཆུ་མཁོ་འདོན་གྱི་དོན་དངོས་ལ་དམིགས་ནས་དེ་མཚུངས་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་ལ། མྱུར་བཟོའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་བ་བཅས། འཕྲལ་སྡོམ་མྱུར་བཟོའི་ཕན་ནུས་ཆེ་རུ་ནུས་ལྡན་ཕྱིན་ནས་དུས་ཚོད་ཐུང་ཤོས་ནང་རྒྱུན་གཏན་གྱི་ཆུ་མཁོ་འདོན་ཐུབ་པའི་འགན་ལེན་བྱས་ཡོད་ལ། ཞབས་ཞུའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་ཆེད། ཆུ་མཁོ་འདོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་བཏང་ནས་ལན་འདེབས་པ་དང་ལྷག་དོན་དུ་མང་ཚོགས་ཀྱིས་བསམ་ཤེས་མི་ཐུབ་པའམ་ཡང་ན་དུས་ཐུང་ནང་ཐག་གཅོད་མི་ཐུབ་པའི་གནད་དོན་ལ་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་ཐུབ་པ་བྱུང་ཡོད”ཟེར།

ཉེ་ཆར། ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་ཞབས་ཞུ་ལྟེ་གནས་ཀྱིས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ། གྲོང་ཁུལ་གྱི་ཆུ་མཁོ་འདོན་ཁེ་ལས་ཀྱིས་དུས་ཆེན་གོང་གི་འཁོར་སྐྱོད་གནས་ཚུལ་དང་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་བྱས་པ་དང་། དུས་ཆེན་གྱི་སྲོལ་རྒྱུན་དང་གནམ་གཤིས་འགྱུར་ལྡོག་ལྟར་སྔ་མོ་ནས་ཆུ་བཀོད་གཏོང་བྱས་ཏེ་ས་ཁོངས་ཁག་ལ་ཆུ་མཁོ་འདོན་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ད་ལྟའི་བར་གྲོང་ཁུལ་གྱི་ཉིན་རེའི་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི2.6ཙམ་ཟིན་པ་དང་རྒྱུན་གཏན་རྣམ་གྲངས་ཀྱི་ཆུའི་སྤུས་ཚད་དམིགས་ཚད་ལ་ལྟ་ཞིབ་ཚད་ལེན་རྒྱུན་གཏན་ལྟར་བྱས་ཡོད། གྲོང་ཁུལ་གྱི་མི30ཡོད་པའི་ཆུ་མཁོ་འདོན་མྱུར་བཟོ་རུ་ཁག་གིས་དུས་བཀག་ལྟར་སྐོར་ཞིབ་བྱས་པ་དང་ཆུའི་སྤུས་ཚད་ལྟ་སྐུལ་ཚོད་འཛིན་ས་ཚིགས་ཀྱི་ཁིལ་ལྷག་དང་རྙོག་ཚད་སོགས་གྲངས་གཞིའི་དམིགས་ཚད་དུས་ཐོག་ཏུ་དྲ་ཐོག་ནས་ལྟ་ཞིབ་ཚད་ལེན་བྱས་པས་བདེ་འཇགས་ལས་འཛོལ་གཅིག་ཀྱང་ཐོན་མེད་པ་རེད།

དགུན་དུས་དྲོད་རླངས་མཁོ་འདོན་གྱི་གནད་དོན་ནི་གྲོང་མིས་དོ་ཁུར་ཆེ་ཤོས་བྱེད་པའི་དམངས་ཚིས་ཤིག་རེད། ཡུལ་ཤུལ་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་བྱ་ཡུལ་ཚང་མ་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་ཡིན་ལ། ཡུལ་ཤུལ་འཕྱོངས་ལུང་སྡོད་ཁུལ་གྱི་དྲོད་རླངས་མཁོ་འདོན་བྱ་ཡུལ་ནས་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། དྲོད་ཚད་ཅུང་དམའ་ཡང་ལས་དོན་མི་སྣས་ལག་ནང་གི་ལས་ཀ་བྱེད་མཚམས་བཞག་ནས་ཆུ་འཐེན་འཕྲུལ་འཁོར་དང་། ཚ་སྣོན་འཕྲུལ་ཆས། གཙོ་གཉེར་ལམ་བུ། སྒྲིག་ཆས་དང་ལྟོས་བཅས་ཀྱི་འགག་སྒོ་དང་དཔྱད་ཆས་སོགས་ལ་སྐོར་ཞིབ་དང་ཞིབ་བཤེར་བཟོ་བཅོས་ཞིབ་ཚགས་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།