མགོ་ལོག་དར་ལག་ནས་ཡུལ་ཤུལ་བར་གྱི་གཞུང་ལམ་འགྲུབ་སྟེ་ཟླ12པའི་ཚེས31ཉིན་དངོས་སུ་རླངས་འཁོར་ཤར་གཏོང་བྱས་པ།

རང་རེའི་དྲ་བའི་འཕྲིན། ཟླ12པའི་ཚེས31ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན། མགོ་ལོག་ཁུལ་དར་ལག་རྫོང་ནས་ཡུལ་ཤུལ་བར་གྱི་གཞུང་ལམ་འགྲུབ་སྟེ་ཟླ12པའི་ཚེས31ཉིན་རླངས་འཁོར་དངོས་སུ་ཤར་གཏོང་བྱས་པ་རེད།

གཞུང་ལམ་དེའི་ལམ་ཐིག་ཧྲིལ་པོར་ཆ་སྙོམས་སྨི4000ཡན་ཡོད་པ་དང་། འགོ་འཛུགས་ས་མགོ་ལོག་ཁུལ་དར་ལག་རྫོང་གྲོང་དུ་གནས་ཤིང་། རྟ་བོ་ནས་པད་མའི་བར་གྱི་གཞུང་ལམ་དང་འབྲེལ་བ་དང་། འཛུགས་སྐྲུན་ཡུལ་ཚོའི་ལམ་མདོ་དང་། སྟག་ཐོག་ཡུལ་ཚོའི་ལམ་མདོ། བསང་རི་མ་ཡུལ་ཚོ་བཅས་བརྒྱུད་དེ། མཐའ་མར་ལོ་ན་མ་འབུམ་དེའུ་ཁུག་བར་ཡོད། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ118kmཡོད་པ་དང་ལམ་ཐིག་ཧྲིལ་པོར་རིམ་པ་གཉིས་པའི་གཞུང་ལམ་ལག་རྩལ་གྱི་ཚད་གཞི་སྤྱད་དེ་རླངས་འཁོར་གཏོང་བའི་མྱུར་ཚད60km/hའཆར་འགོད་བྱས་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། ལས་གཞི2016ལོའི་ཟླ9པར་ལས་འགོ་བཙུགས་པ་དང་ལོ་གསུམ་ལྷག་ཙམ་རིང་རྒྱ་ཆེའི་འཛུགས་སྐྲུན་པ་ཚོས་རང་འགུལ་ངང་འགན་འཁུར་བ་དང་ལས་དོན་ཧུར་ཐག་བསྒྲུབས་ནས་ས་བབ་མཐོ་བའི་ས་ཁུལ་གྱི་གནམ་གཤིས་ཞན་པའི་ཆ་རྐྱེན་དང་ཨར་ལས་དུས་ཡུན་ཐུང་བ་སོགས་ཀྱི་འགལ་རྐྱེན་ཁྱད་བསད་བྱས་ཏེ། “ཚད་གཉིས་དོ་དམ”ཚད་གཞིར་བྱ་རྒྱུ་མཐའ་འཁྱོངས་བྱས་པ་རེད། “སྤུས་ཚད་བཟང་པོའི་བཟོ་སྐྲུན”བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ཤིང་། “ཤུགས་སྣོན་གསུམ”(ཨར་སྐྲུན་བྱ་ཡུལ་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས)ལ་སྣང་ཆེན་བྱས་ནས་ལས་གྲྭའི་སྤུས་ཚད་དང་། བདེ་འཇགས། མྱུར་ཚད། ཁོར་ཡུག་སྲུང་སྐྱོང་། སྲིད་དོན་གཙང་སྐྱོང་བཅས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་པས་ལས་གཞི་འཛུགས་སྐྲུན་གྱི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། 2019ལོའི་ཟླ12ཚེས29ཉིན་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་ད་ཆ་རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་ཡོད། 

དར་ལག་ནས་ཡུལ་ཤུལ་བར་གྱི་གཞུང་ལམ(དར་ལག་ལམ་དུམ)ལས་གཞི་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གནས་ཤིང་། འགྲིམ་འགྲུལ་པུས་གཏན་འཁེལ་བྱས་པའི“གཞུང་སྒྲིག་གཅིག(G214)འཕྲེད་གཅིག(སྔོན་གྱི་S308)དང་གཉིས་སྦྲེལ་ཞིག(རྫ་སྟོད་དང་ཁྲི་འདུ་སྦྲེལ)”གི་སྤྱིའི་འཆར་འགོད་ཀྱི་ཆ་ཤས་ཤིག་རེད། རྒྱལ་ཁབ་ཀྱི་རྒྱལ་ལམ་དྲ་བའིG345ལམ་ཐིག་གི་གྲུབ་ཆ་ཞིག་ཡིན་པ་དངG227ལམ་ཐིག་དང214ལམ་ཐིག་དང་སྦྲེལ་མཐུད་བྱས་ནས་མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་ས་ཁུལ་གྱི་འགྲིམ་འགྲུལ་སྐོར་ལམ་ཆེན་པོ་ཞིག་གྲུབ་པ་དང་། མགོ་ལོག་ས་ཁུལ་གྱི་བྱང་ཕྱོགས་ཟི་ལིང་དུ་སྐྱོད་པ་དང་། ལྷོ་ཕྱོགས་སི་ཁྲོན་དང་ཀན་སུའུ་རུ་སྐྱོད་པའི་དཔལ་འབྱོར་བགྲོད་ལམ་ཆེན་པོ་ཞིག་ཡིན་པས། རྒྱལ་ཁབ་ཀྱི་ནུབ་རྒྱུད་ས་ཁུལ་གྱི་གཞུང་ལམ་དང་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་དྲ་བའི་ནང་བྱང་མཐུད་ལྷོ་ཚུགས་ཀྱི་གནས་བབ་གལ་ཆེན་ཞིག་ཏུ་གྱུར་ཡོད། 

གཞུང་ལམ་དེ་བསྐྲུན་ཟིན་པ་དེས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དང་དེ་བཞིན་ལས་གཞི་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། 

ལོ་ཙཱ་བ། ཀླུ་མོ།