ཡུལ་ཤུལ་གསར་པ། ས་མཐོར་འཕགས་པའི་ཀྲུང་གོའི་སྟོབས་ཤུགས།


འདི་ནི་ཡོམ་རྗེས་སུ་གསར་དུ་བསྐྲུན་པའི་རྒྱ་ཁྱོན95%ཡན་ཟིན་པའི་གྲོང་ཁྱེར་ཡིན།

དེ་ནི་གནམ་ས་འགུལ་བའི་དུས་ཤིག་སྟེ། ལོ་བཅུའི་ཡར་སྔོན་གྱི་དེ་རིང་གློ་བུར་དུ་བྱུང་བའི་ས་ཡོམ་གྱིས་ཡུལ་ཤུལ་གྱི་དཔྱིད་དཔལ་རྨེག་མེད་དུ་བཅོམས།

དེ་ནི་གནམ་སར་འཐབ་པའི་བྱས་རྗེས་ངོ་མཚར་ཞིག་སྟེ། ལོ་བཅུའི་ཡར་སྔོན་གྱི་དེ་རིང་ནས་བཟུང་། ཏག་ཏག་ལོ་ངོ་གསུམ་ནང་ཡུལ་ཤུལ་གྱིས་ཡོམ་རྗེས་བསྐྱར་སྐྲུན་གྱི་མཛད་འཕྲིན་རླབས་ཆེན་བསྐྱངས།

དེ་ནི་གནམ་ས་བླ་འོག་བརྗེ་བ་ལྟ་བའི་འགྱུར་ལྡོག་སྟེ། ལོ་བཅུའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་པ་ཞིག་གསོན་ཉམས་དང་བཅས་ཡར་རྒྱས་བྱུང་ནས་གངས་ལྗོངས་མཐོ་སྒང་དུ་ལྷིང་ངེར་འགྱིང་།

དེ་ནི་གནམ་ས་ཡིད་འགུལ་ཐེབས་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་སྟེ། ལོ་ངོ་བཅུའི་རིང་ལ། ང་ཚོས་དབྱངས་རྟ་སྙན་མོ་ངག་ལ་གྱེར་བཞིན་རླབས་ཆེ་བའི་དུས་རབས་འདི་དང་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་ལ་བསྟོད་གླུ་བླངས།

2020ལོ་ནི་དམིགས་བསལ་གྱི་ལོ་ཟླ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་འཁྲིད་འོག མི་དམངས་དུང་ཕྱུར་མང་པོས་ཕན་ཚུན་ལག་རྡང་སྦྲེལ་ཏེ་སྔར་འཕྲད་མ་མྱོང་བའི་རིམས་ནད་འགོག་འཛིན་བཅོས་གསུམ་གྱི་གཡུལ་འཐབ་བཤམས་ནས་འཛམ་གླིང་ཡོངས་ཀྱི་མིག་མདུན་དུ་ཀྱག་ཀྱོག་གི་ལམ་བུ་བདེ་བར་སྙོམས་ཤིང་བར་སྣང་འཁྲུགས་པའི་རྡུལ་རླབས་ཞི་འཇགས་སུ་བཏང་བའི་སྟོབས་ཤུགས་ཆེན་པོ་སྟེ“ཀྲུང་གོའི་སྟོབས་ཤུགས”ཡང་བསྐྱར་འཛམ་གླིང་ལ་ངོམས།

དམིགས་བསལ་གྱི་དུས་འདི་ལ། མཚོ་སྔོན་མཐོ་སྒང་གིས་ཡུལ་ཤུལ་གྱི་ཡོམ་འགོག་རྒུད་སྐྱོབ་ལོ་ངོ10འཁོར་བའི་རྗེས་དྲན་ཉིན་མོ་བསུས།

ལོ་བཅུའི་བཙོ་སྦྱངས། ལོ་བཅུའི་གསོན་ཤུགས། ལོ་བཅུའི་ཕྱར་བ་གྲུ་འདེགས་དང་ཞུམ་མེད་ཀྱི་མདུན་སྐྱོད་དེ། ལོ་བཅུའི་རིང་དང་ལྷག་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་འཁྲིད་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྣེ་འཁྲིད་ལ་བརྟེན་ནས་ཡུལ་ཤུལ་གྱི་ཡོམ་རྗེས་བསྐྱར་སྐྲུན་ལ་གྲུབ་འབྲས་ཆེན་པོ་བླངས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེན་པོའི་ཁྱད་རྟགས་ཏེ་བརྗིད་ཉམས་ཆེ་ཞིང་འགོག་ཐབས་མེད་པའི“ཀྲུང་གོའི་སྟོབས་ཤུགས”སོ། །

དཔྱིད་དུས་ཀྱི་ཡུལ་ཤུལ་རྩྭ་ཐང་གི་ག་ས་གང་དུ་གསོན་ཤུགས་རབ་ཏུ་རྒྱས་ལ། མཐོ་ཞིང་གཟར་བའི་དེང་རབས་ཀྱི་རི་རྩེར་འཛེག་ནས་རྒྱང་གཟིགས་ཤིག་བྱས་ན། དུས་ཀྱི་སོར་མོས་གཡའ་དག་པའི་གནམ་མཁའ་དང་དལ་བར་རྒྱུ་བའི་སྤྲིན་དཀར་རིས་སུ་ཕབ་ཅིང་། སྣོད་ཀྱི་རི་ར་བ་ཁང་ཁྱིམ་སོགས་རྣམ་པར་བཀྲ་བའི་ཚོན་མདངས་ཀྱིས་བྱུག་སྟེ་ཡུལ་ཤུལ་གྱི་ཉམས་འགྱུར་གསར་པ་འདི་བཞེངས། ལྷག་པར་མེས་རྒྱལ་གྱི་ས་ཆེན་པོར་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་པའི་སྟབས་དང་བསྟུན་ཆུ་གསུམ་འགོ་ཁུངས་ཀྱི་ཡུལ་ཤུལ་ལ“འཕེལ་རྒྱས་ཇེ་ལེགས་དང་མང་ཚོགས་ཀྱི་འཚོ་བ་ཇེ་སྐྱིད”ཡིན་པའི་རྣམ་པ་གསར་པ་མངོན་པ་དང་། བཅུད་ཀྱི་བུ་དང་བུ་མོ་རྣམས་ཀྱིས་ཡར་རྒྱས་ཡར་ཐོན་ལ་བརྩོན་ཞིང་རྒྱལ་ཡོངས་དང་མཉམ་དུ་དཔུང་བ་མཉམ་གཤིབ་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཆེན་དུ་གོམ་ཞེང་ཆེན་པོས་བསྐྱོད་བཞིན་ཡོད།

རྒྱལ་ཁབ་སྤྱི་གླིང་དེ་ཉིད་མཚོ་བོད་མཐོ་སྒང་གི་སྣོད་བཅུད་སྲུང་སྐྱོབ་དང་སླར་གསོའི་དཔེ་སྟོན་ཁུལ་དང་། ཆུ་གསུམ་འགོ་ཁུངས་མཉམ་བསྐྲུན་མཉམ་སྤྱོད་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་སྔོན་སྤེལ་ཁུལ། མཚོ་བོད་མཐོ་སྒང་གི་རང་བྱུང་ཁམས་ཆེན་མོ་སྲུང་སྐྱོབ་ངོམ་སྟོན་དང་སྣོད་བཅུད་རིག་གནས་རྒྱུད་འཛིན་ཁུལ་བཅས་སུ་བསྐྲུན་དགོས་ཞེས་གསུངས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་དེ་ད་དུང་ཡིད་ལ་ལྷིང་ངེར་དྲན་འོང་།

2016ལོའི་ཟླ8ཚེས22ཉིན་ནས་ཚེས24ཉིན་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་དུས་སུ་བརྙན་ལམ་ནས་ཆུ་གསུམ་འགོ་ཁུངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། ཁོང་གིས་ཚང་མས་རྒྱལ་ཁབ་ཀྱི་སྲིད་ཇུས་རྒྱབ་སྐྱོར་འོག་རྡོག་རྩ་གཅིག་ཏུ་སྒྲིལ་ནས་རི་ཆུ་དང་རྩྭ་ཐང་། རི་སྐྱེས་སྲོག་ཆགས་སོགས་སྣོད་བཅུད་ཐོན་ཁུངས་ལ་བདག་སྐྱོང་བཟང་པོ་དང་། ཐོན་སྐྱེད་འཚོ་བ་ཇེ་ལེགས་སུ་གཏང་རྒྱུ་རེ་བ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ལས་བྱེད་ལ་གོ་ཆ་བགོས་ཤིང་།  མང་ཚོགས་ལ་སློབ་གསོ་བཏང་ནས་ལས་ཀ་བསྒྲུབ་དགོས་པའི་བླང་བྱ་དང་། ཁོང་གིས་ཡུལ་ཤུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཇེ་ལེགས་དང་། མང་ཚོགས་ཀྱི་འཚོ་བ་ཇེ་སྐྱིད་གཏང་དགོས་ཞེས་པའི་མངག་བཅོལ་ཡིད་ལ་དམ་པོར་འཆང་སྟེ། ‘སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས’ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གྱི་ཁྲོད‘ཇེ་ལེགས་གཉིས’ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས2018ལོའི་ཟླ9ཚེས12ཉིན་ནས་ཚེས13ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅིན་ཅུན་དང་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ལིག་ཉིང་རྣམ་གཉིས་ནས་ཡུལ་ཤུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན།

“ཇེ་ལེགས་གཉིས”དམིགས་འབེན་དུ་བཟུང་ནས་ཡུལ་ཤུལ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་། འབད་བརྩོན་ལྷོད་མེད། དཀའ་བ་ཁྱད་གསོད། མཐུན་སྒྲིལ་འབད་འཐབ། ཁ་མིག་ཡར་ལྟ་དང་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མང་པོ་བླངས་ལ། རྒྱ་ཆེའི་མང་ཚོགས་ལ་གྲུབ་འབྲས་དེ་དག་ལོངས་སུ་སྤྱོད་དུ་བཅུག་པས་མང་ཚོགས་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་གིས་ཡིད་ཚིམས་ནས་ཡོད། 

ལོ་ངོ་བཅུའི་རྗེས་ཀྱི་དེ་རིང་། ང་ཚོས་ཡང་བསྐྱར་མིག་ཟུང་རྨ་འབྲི་རྫ་གསུམ་དང་སའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ26.7ཡོད་པའི་ཡུལ་ཕྱོགས་སུ་འཁོར་དུས། དགའ་འོས་པ་ཞིག་ལ་སྔར་བྱུང་མ་མྱོང་བའི་རང་བྱུང་གི་ཆག་འཇིག་བརྒྱུད་མྱོང་པའི་གནས་དེར་ཡང་བསྐྱར་གསར་སྐྱེས་ཀྱི“ཆུ་གསུམ་འགོ་ཁུངས་དང་། དྭངས་གཙང་གི་ཡུལ་ཤུལ”ཞིག་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་མཐོ་སྒང་གི་ལྟེ་བར་ལྷིང་ངེར་བརྗིད་པའི་ཉམས་བཟང་དེ་རེད།

ཉི་ཟླའི་འཁོར་སྐྱོད་ཀྱི་ཀློང་དུ་དུས་རབས་གསར་པ་དང་ཡུལ་ཤུལ་གསར་པ། འཚོ་བ་གསར་པའི་ཡུལ་ཤུལ་གྱི་འཛིན་མའི་གཞིར་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་རྟགས་མངོན་པར་བརྟས་ཤིང་། ཞིག་རོའི་ཁྲོད་འཚར་སྐྱེད་བྱུང་བའི་དྲིན་སེམས་དང་བརྩོན་སེམས་ཀྱིས་ཡོངས་སུ་གཏིམས་ལ། “འཕེལ་རྒྱས་ཇེ་ལེགས་དང་། འཚོ་བ་ཇེ་སྐྱིད”གཏང་དགོས་པའི་གཅིག་མཐུན་གྱི་བསམ་བློ་གང་སར་བརྡོལ།

ཡུལ་ཤུལ་གྱི་ལོ་ངོ་བཅུས་ཀྲུང་གོ་གུང་ཁྲན་ཏང་གི་སྲོག་ཤིང་གི་གོ་གནས་ར་སྤྲད།

ལོ་རྒྱུས་གཙང་ཆེན་ཁྲོད་ཀྱི“གདུང་འདེགས་ཀ་བ”སྟེ། དེ་ལ་མི་འདོད་པའི་ཆག་འཇིག་ཆེན་པོ་བྱུང་གྱུར་ན། དཔའ་མཛངས་ཀྱི་སྙིང་སྟོངས་དྲག་ཏུ་འཕྱུར་ལ། དྲག་རླབས་རྒོད་པོ་འཇགས་པའི་འཐུ་སྟོབས་དེ་ལས་ཀྱང་ཆེ་ངེས། རྒྱལ་ཁབ་ཅིག་གནད་འགག་ལ་འཕྲད་དུས་སྲོག་སྙིང་གི་སྟོབས་ཇི་ལྟར་ཆེ་ན་དཀའ་བ་ཁྱད་གསོད་ཀྱི་སྟོབས་ཤུགས་དེ་ཙམ་བསྡུ་ཐུབ།

ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་དང་ཁྱད་ཆོས་ཡིན། ཡུལ་ཤུལ་གྱི་ཡོམ་རྗེས་བསྐྱར་སྐྲུན་གྱི་འཐབ་ས་དང་ཡང་ན་ཏོག་གསར་གློ་ཚད་ཀྱི་རིམས་འགོག་གཡུལ་འཐབ་གང་ཡིན་ཡང་། ཚང་མ་འབོད་སྐད་ཁོ་ན་མ་ཡིན་པར་ལུས་པོའི་བྱེད་རྩོལ་རེ་རེ་དང་ལག་ལེན་དངོས་འབེབས་རེ་རེ་སྟེ། མིག་མཐོང་ལག་ཟིན་གྱི་དོན་དངོས་ཁོ་ན་ཡིན།

ལོ་ངོ་བཅུའི་ཡར་སྔོན་དུ། ས་ཡོམ་བྱུང་བའི་སྐད་ཅིག་ཆ་ནས་བཟུང་། ཏང་དང་སྲིད་གཞུང་གི་དུས་དང་རྣམ་པ་ཀུན་དུ་ཐུགས་ཁུར་དང་། ཇུས་ཆོད་བཀོད་སྒྲིག་རི་བོའི་བརྟས་དང་མཉམ་པ་བརྒྱབ་ནས་ཡུལ་ཤུལ་མི་རིགས་ཁག་གི་སྡུག་སེམས་སྐྱིད་ལ་བསྒྱུར་ཏེ། ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞིས་བསྐྱར་སྐྲུན་གྱི་ལམ་ཁར་འཁྲིད།

ཉེན་སྐྱོབ་མྱུར་སྐྱོབ་ཀྱི་གནད་འགག་དང་། ཡང་ན་ཡོམ་རྗེས་བསྐྱར་སྐྲུན་གྱི་གནད་འགག་གི་དུས་སྐབས་གང་ཡིན་རུང་། ཀྲུང་ནན་ཧའེ་དང་ཡུལ་ཤུལ་ལ་བར་ཐག་ཅི་ཡང་མེད་ལ། ཀྲུང་གོ་གུང་ཁྲན་ཏང་དང་མི་དམངས་མང་ཚོགས་ལ་བར་ཐག་མེད།

རྒྱལ་ཁབ་དར་ལ་འབངས་མི་གཅེས། ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ལ་བརྩོན་པ་ནི། ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་སེམས་འདུན་དང་འགན་འཁྲི་ཡིན། ཚོགས་པ་འདིས་གཡུལ་ས་གང་རུང་ལ་གདོང་གཏད་དུས་གཞན་དོན་གྱི་ཆེད་དུ་རང་དོན་བློས་བཏང་ནས་དཔའ་ངར་ཆེན་མོས་གདོང་ལེན་ཕོད་ཅིང་། མ་བསྐུལ་རང་རྟོགས་ཀྱིས་འགན་འཁྲི་ཁུར་དུ་བླངས་ནས་མངོན་སུམ་འཛེམ་མེད་གཡུལ་འཐབ་ལ་འཇོན་པ་བསམ་སྤྱོད་གཉིས་ཀྱི་སྟེང་དུ་མངོན་ཞིང་། ཐོག་མའི་སེམས་འདུན་ཡིད་ལ་བཅིངས་ནས་འགན་འཁྲི་ལག་ལེན་ལ་མཁས་པས་ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད་ལ།སྲེག་བཅད་བརྡར་བའི་འགན་འཁྲི་འཁུར་འཁྱེར་གྱི་སྙིང་སྟོབས་མངོན། 

དེ་ལྟར་ལོ་ངོ་བཅུའི་ཡུལ་ཤུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་འགོ་ཁྲིད་པའི་སྲོག་སྙིང་ཡིན་པ་ཡང་དུ་བརྗོད་ནས་ཀྲུང་གོའི་བྱ་གཞག་འགྲུབ་དགོས་ན་གུང་ཁྲན་ཏང་ལ་བརྟེན་དགོས་པ་བསྐྱར་དུ་ར་སྤྲད་བྱས། འདི་ལྟ་བུའི་ཏང་གི་འགྱུར་མེད་འགོ་ཁྲིད་ཡོད་པས་ད་གཟོད་ཉེན་འགོག་རོགས་སྐྱོབ་ནས་གནས་སྐབས་བཀོད་སྒྲིག བསྐྱར་སྐྲུན་སླར་གསོ། གོང་འཕེལ་དར་རྒྱས་བར་གྱི“ངོ་མཚར་བའི་ཡུལ་ཤུལ”གྱི་སྣང་བརྙན་རེ་རེ་བཞེངས་ཐུབ་པ་བྱུང་ཞིང་། འདི་ལྟ་བུའི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་རང་སྲོག་བློས་གཏོང་གི་ཞུམ་མེད་སྙིང་སྟོབས་ཀྱིས་རྒྱལ་ཁའི་དར་ཆ་མངོན་པར་བསྒྲེངས་ཤིང་བླ་མེད་ལག་རྗེས་བཞག་ལ།  དུས་ཐུང་ནང་གནོད་ཁུལ་མང་ཚོགས་ཀྱི་དཀའ་ངལ་ཁྱད་གསོད་ཀྱི་རྒྱལ་ཁའི་བློ་ཁ་གཅིག་ཏུ་བསྡུ་ཕོད་པའི་རྨད་བྱུང་མཛད་འཕྲིན་བསྐྱངས།

ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་བྱ་ཕུག་ཐང་གྲོང་རྡལ་ནག་ཚང་མ་ཎི་རྡོ་བཟོ་ངག་ལྷ་ཡིས་གྲོང་ཚོའི“ཏང་གི་མང་ཚོགས་ཞབས་ཞུ་ལྟེ་གནས”བཙུགས་པའི་ཉིན་དེ་ནས་བཟུང་། ཁོས་ཟླ་བ་གསུམ་ལྷག་རིང་ལ་དངོས་སུ་བརྐོས་པའི་ཏང་རྟགས་ཞབས་ཞུ་ལྟེ་གནས་སུ་བསྐྱལ་ནས་ཏང་གི་བཀའ་དྲིན་མཚོན་བྱེད་དུ་ཕུལ།

བརྩེ་བ་ལྷད་མེད་དང་སེམས་པ་རྣམ་དག་གི་སྒོ་ནས་ངག་ལྷ་ཡིས“ང་ཚོས་རླབས་ཆེ་བའི་དུས་རབས་འདི་དང་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་འདི་དུས་གཏན་དུ་ཡིད་ལ་དྲན་ཡོང་”ཞེས་ཡུལ་ཤུལ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་འདུན་ལྷུག་པར་བརྗོད།

ལོ་ངོ་བཅུའི་ཡུལ་ཤུལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་ལམ་ལུགས་གཟེངས་སུ་ཐོན་པ་ར་སྤྲད།

ཡུལ་ཤུལ་དུ་ས་ཡོམ་བྱུང་རྗེས། རྒྱལ་ཁབ་ཀྱིས་འཕྲལ་མར་རྒྱལ་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ས་མཐོའི་འཁྱགས་ཁུལ་དུ་གཞི་ཁྱོན་ཆེ་ཞིང་ཕན་ཕྱོད་མངོན་པར་གསལ་བའི་རོགས་སྐྱོབ་ལས་འགུལ་སྤེལ་ཞིང་། རྒྱལ་གཞུང་ནས་མ་དངུལ་དུང་ཕྱུར447.54བཏང་ནས་བསྐྱར་སྐྲུན་ལས་གཞི1248ཁ་ཐོག་ལག་བཞག་གིས་བསྒྲུབས་ནས་སྐྱ་ཐང་ཐང་གི་ཡུལ་ཤུལ་གསོན་ཉམས་དང་བཅས་བསྐྱར་བཞེངས་ཀྱི་ཕུགས་རེ་རླབས་ཆེན་བསྐྱངས།

ས་ཡོམ་བྱུང་མ་ཐག རྒྱལ་ཡོངས་ས་གནས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་ཞལ་འདེབས་སོགས་གནོད་ཁུལ་དུ་འཛོམས་ནས་གང་མགྱོགས་ཅི་མགྱོགས་ཀྱིས་གང་ལ་གང་འཚམ་དང་དེ་ལ་དེ་ཕན་གྱི་སྒོ་ནས་རོགས་སྐྱོབ་ལ་བྲེལ། ཡོམ་རྗེས་ཀྱི་ཟླ་བ་གཉིས་ནང་ཀྲུང་དབྱང་གིས་ཁ་གཏད་རོགས་བསྐྲུན་ལ་བཀོད་སྒྲིག་བརྒྱབ་ཅིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་གི་རོགས་སྐྲུན་མི་སྣ་དང་དངོས་ཟོག་རྣམས་གཅིག་རྗེས་གཉིས་འཕྲོར་ཡུལ་ཤུལ་དུ་ཕྱོགས།

ཡུལ་ཤུལ་གྱི་ཡོམ་འགོག་རྒུད་སྐྱོབ་དང་ཡོམ་རྗེས་བསྐྱར་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དེས། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོས་དོན་ཆེན་བསྒྲུབས་པ་དང་།དཀའ་ངལ་སེལ་བ། མཁོ་བསྟུན་འཕྲལ་སྒྲུབ་ལ་སྟོབས་ཤུགས་གཅིག་ཏུ་བསྡུ་ཐུབ་པའི་ལམ་ལུགས་ཀྱི་དགེ་མཚན་མངོན་མཚོན་བྱས་ཡོད།

གང་དུ་དཀའ་ངལ་ཡོད་གྱུར་ན་ཕྱོགས་བཞིའི་ལག་ཟུང་དེ་ལ་བསྐྱངས། ཡུལ་ཤུལ་གྱི་དཀའ་ངལ་དམིགས་བསལ་ལ་གཞིགས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་གཞུང་ནས་མ་དངུལ་གཏོང་བ་དང་། རོགས་སྐྲུན་ཕྱོགས་ཀྱིས་འཛུགས་སྐྲུན་བྱེད་པ། ས་གནས་ཀྱིས་འགན་སྲུང་གི་ཞབས་ཞུ་འདོན་པའི”དམིགས་བསལ་གྱི་རོགས་སྐྲུན་བྱེད་ཐབས་བཏོན་ཞིང་། པེ་ཅིང་གྲོང་ཁྱེར་དང་ལའོ་ཉིང་ཞིང་ཆེན། ཀྲུང་གོའི་འཛུགས་སྐྲུན། ཀྲུང་གོའི་ལྕགས་ལམ་བཟོ་སྐྲུན། ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན། ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་བཅས་ཡུལ་གཉིས་དང་རྒྱལ་གཞུང་ཁེ་ལས4། དེ་མིན་དམག་སྡེ་ཡི་ཁ་གཏད་རོགས་སྐྲུན་སོགས་ཀྱིས་ཡུལ་ཤུལ་ལ་རོགས་སྐྲུན་བྱེད་དགོས་པའི་ཇུས་ཆོད་གལ་ཆེན་གཏན་ལ་ཕབ།

ཞིང་ཆེན་ནང་ཁུལ་གྱི་སྤུན་ཟླ་གྲོང་ཁྱེར་དང་ཁུལ། ས་གནས་བཅས་ཀྱིས་ཀྱང་རང་འགན་དང་དུ་བླངས་ནས་ཡུལ་ཤུལ་ཕྱོགས་ལ་བརྩེ་བའི་ལག་ཟུང་བསྐྱངས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ། མཚོ་ནུབ་སོག་རིགས་་བོད་རིགས་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་རོགས་སྐྲུན་དཔུང་སྡེ་མངགས་ཏེ་ལག་རྩལ་དང་ མ་དངུལ་སོགས་ནས་སྤུན་ཟླའི་བརྩེ་དྲོན་བསྐྱངས།

ཆུ་གསུམ་འགོ་ཁུངས་ཀྱི་ས་ཁོངས་འདི་སྣོད་བཅུད་སྲུང་སྐྱོབ་དང་ཆུ་ཁུངས་གསོ་སྐྱོང་ལ་འཚམ་པ་ལས་ཐོན་ལས་དཔལ་འབྱོར་གོང་སྤེལ་ལ་འཚམ་པོ་མེད་པས། སྣོད་བཅུད་ཀྱི་ཐོན་རྫས་མང་པོ་ཞིག་གསར་གཏོད་མི་བྱེད་རང་བྱེད་དུ་གྱུར། རྒྱལ་ཁབ་ནས་ས་གནས་སྤྱིའི་དགེ་མཚན་ལ་གཞིགས་ནས་སྣོད་བཅུད་གསབ་དངུལ་ལམ་ལུགས་བཙུགས་ཤིང་ཤར་ནུབ་ཟུང་དུ་འབྲེལ་ཏེ་སྣོད་བཅུད་སྲུང་སྐྱོབ་གི་ལམ་ཁ་འདི་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁེ་འབབ་སྔར་བཞིན་དུ་ལོངས་་སྤྱོད་ཐུབ་པའི་ལག་ཐབས་ཡག་པོ་སྤྱད།

2019ལོའི་ལོ་མགོར། ཡུལ་ཤུལ་དང་མགོ་ལོག་ཏུ་གངས་སྐྱོན་བྱུང་རྗེས་རྒྱལ་ཁབ་ནས་སྤྱི་ཚོགས་དང་། རིམ་ཁག་ཚན་པ་ནས་ཞིང་འབྲོག་ཁུལ་གྱི་མང་ཚོགས་བར་དུ་རང་བྱུང་གི་གནོད་འཚེ་ལ་རྒོལ་བའི་སྟོབས་ཤུགས་ཇེ་ཆེར་གྱུར། ཐེངས་དེའི་གངས་སྐྱོན་ནི་ཡུལ་ཤུལ་དུ་བྱུང་བའི་གངས་སྐྱོན་ཚབས་ཆེ་ཤོས་ཡིན་ན་ཡང་གོད་ཆག་ཆེན་པོ་མེད་པསབས་ཐེངས་དེའི་གནོད་འགོག་ལས་ཀྱང་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཁྱད་པར་བ་ཡང་དུ་མཚོན་ཡོད།

དཔྱིད་ཀྱི་དྲོད་འཇམ་ཉི་འོད་འཕྲོས་པའི་ཡུལ་ཤུལ་གསར་པའི་གྲོང་ཁྱེར་ནི་རྒྱབ་རི་ལ་བསྙེས་ཤིང་གཙང་ཆབ་ལ་གཟིགས་པའི་ཚུལ་གྱིས་བཞེངས་ཡོད་ཅིང་། རྫ་ཆུ་དང་འབའ་ཆུ་གཉིས་གྲོང་ཁྱེར་གྱི་ཤར་འདབས་སུ་འབྲི་ཆུར་འདྲེས་པ་དང་། གྲོང་ཁྱེར་གྱི་ལྟེ་གནས་གེ་སར་ཐང་ཆེན་གྱི་ཁ་གཏད་དུ་དཔེ་མཛོད་ཁང་དང་། སྒྱུ་རྩལ་གླིང་། རྟེན་རྫས་བཤམས་མཛོད་ཁང་། སློབ་གྲྭ། སྨན་ཁང་སོགས་སྤྱི་གཞུང་རིག་གནས་ཀྱི་ཁོངས་གཏོགས་ལས་ཁུངས་འདུས་ཡོད་ལ། དེའི་ཕྱི་རུ་སྡོད་དམངས་ཀྱི་སྡོད་ཁུལ་ཕྲེང་བཞིན་བསྟར་ཡོད་པ་རེད།

ལོ་ངོ་བཅུའི་ཡུལ་ཤུལ་ནི“ངོ་མཚར་བའི་ཡུལ་ཤུལ”སྟེ་མི་ཀུན་ལ་ཧང་སངས་སུ་བཅུག

གདུག་རྩུབ་ཆེ་བའི་རང་བྱུང་གི་ཆག་འཇིག་དེ་ཐོད་རྒལ་གསར་པ་ཞིག་གི་འགོ་རྩོམ་སར་བསྒྱུར་བའི་བ་དང་། བསགས་བསགས་ཐམས་ཅད་སྐད་ཅིག་ཉིད་ལ“སྟོང་པར་གྱུར་བ”ནས་དཔལ་འབྱོར་བསྐྱར་འཕེལ་དང་། སྤྱི་ཚོགས་བསྐྱར་འཛུགས། རིག་གནས་བསྐྱར་དར་བར་དུ་དུས་ག་ཚོད་ཅིག་དགོས་སམ་ཞེ་ན།

སྣོད་བཅུད་སྲུང་སྐྱོབ་གཙིགས་ཆེན་དང་ཚོད་འཛིན་ཆ་རྐྱེན་ཤིན་ཏུ་མཐོ་བ། མི་རིགས་ཆོས་ལུགས་ཀྱི་བྱ་བའི་འོས་འགན་ཧ་ཅང་ལྕི་བའི་ཡུལ་ས་མཐོའི་འཁྱགས་ཁུལ་འདིར་དུས་ད་ལྟའི་བར་དུ་མིའི་རིགས་ཀྱིས་སྤེལ་མ་མྱོང་བའི་གཞི་ཁྱོན་ཆེ་ཤོས་ཀྱི་ཡོམ་རྗེས་བསྐྱར་སྐྲུན་དགོས་ན་དུས་ག་ཚོད་དགོས་སམ་ཞེ་ན།

དེ་ལ་བསམ་ཡུལ་ལས་འདས་ཤིང་ཡིད་འགུལ་ཐེབས་ལ་ཧང་སང་བའི་ལན་ཞིག་ཅིས་ཀྱང་ཡོད་རེད།

2010ལོའི་ཟླ6པ་ནས2013ལོའི་ཟླ10བའི་བར་ནི་ཡུལ་ཤུལ་གྱི་ཡོམ་རྗེས་བསྐྱར་སྐྲུན་ཚ་ཚ་འུར་འུར་ངང་སྤེལ་བའི་གནད་འགག་གི་ལོ་ཟླ་ཞིག་ཡིན་མོད། རྨ་འབྲི་རྫ་གསུམ་གྱི་དགུན་ཐག་རིང་བོ་དེ་ལོགས་སུ་ཕྱེས་ནས་ལས་སྐྲུན་གྱི་དུས་ཚོད་ཁོ་ན་བརྩིས་ན་བགྲང་བྱ་གཉིས་ལས་ཕྱིན་མེད།

མཐོ་སྒང་གི་ཡང་རྩེ་རུ“ཡུལ་ཤུལ་གྱི་མྱུར་ཚད”དང“ཡུལ་ཤུལ་གྱི་ངོ་མཚར”རྨད།

དུས་ཚོད་ལ་འགྲན་བཙུགས་ཏེ། ཡོམ་རྗེས་ཉིན་གཅིག་མ་འགོར་བར་སྦྲག་གློག་དང་བརྡ་འཕྲིན་ཕལ་ཆེར་སླར་གསོ་བྱས་ཤིང་། ཡོམ་རྗེས་སུ་ཉིན་གཉིས་མ་འགོར་བར་གལ་གནད་ས་ཁུལ་གྱི་གློག་དང་བརྡ་འཕྲིན་གྱི་གནད་དོན་ཐག་བཅད། ཡོམ་རྗེས་སུ་ཉིན་གསུམ་མ་འགོར་བར་རྨས་མ་སྟོང་ལྷག་མངའ་ཁོངས་ཕྱིའི་སྨན་ཁང་དུ་བསྐྱལ། ཡོམ་རྗེས་སུ་ཉིན་བཞི་མ་འགོར་བར་ཡུལ་ཤུལ་དྭ་ཕྲུག་སློབ་གྲྭའི་སློབ་འཁྲིད་འགོ་ཚུགས། ཡོམ་རྗེས་སུ་ཉིན་བདུན་མ་འགོར་བར། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་ཤུལ་གྱི་ཡོམ་འགོག་རྒུད་སྐྱོབ་ཐད་ཀྱི་ལས་དོན་གྲོས་ཚོགས་བསྡུས། ཡོམ་རྗེས་ཀྱི་ཉིན20བར་ཁྲ་འགུ་དང་ཀ་འདའ་གྲོང་ཚོའི་སྡོད་ཁུལ་གསར་པ་འཛུགས་སྐྲུན་ལ་རྨང་བཏིངས་ཏེ་ཡོམ་རྗེས་བསྐྱར་སྐྲུན་གྱི་དབུ་ཚུགས།

དུས་ཚོད་ལ་འགྲན་བཙུགས་པའི་ཡོམ་རྗེས་ཀྱི་ཟླ་བ་གཉིས་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཡུལ་ཤུལ་ཡོམ་རྗེས་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད》མཆན་བཀོད་པར་འགྲེམས་བྱས་ཤིང་། ཡུལ་ཤུལ་གསར་པ་དང་ཁྱིམ་གཞིས་གསར་པའི་ཇུས་འགོད་དཔེ་རིས་དངོས་སུ་གྲུབ། ཡོམ་རྗེས་སུ་ཟླ་བ་གསུམ་མ་འགོར་བར་ཡོམ་རྗེས་བསྐྱར་སྐྲུན་གྱི་ལས་གཞི་དང་པོ་འབའ་ཐང་གནམ་ཐང་གི་མཚན་འཕུར་ལས་གཞི་གྲུབ་ནས་བཀོལ་སྤྱོད་བྱེད་འགོ་ཚུགས། ཡོམ་རྗེས་བསྐྱར་སྐྲུན་གྱི་རིང་ལ། ཉིན་བཞིའི་ནང་ཐོག་ཁང་གཅིག་བསྐྲུན་ཚར་བ་དང་། ཉིན་དགུའི་ནང་སྡོད་ཁང་ཆ་ཚང་གཅིག་བསྐྲུན་ཚར།

དུས་ཚོད་ལ་འགྲན་བཙུགས་ཏེ། ལོ་ངོ་གཉིས་མ་འགོར་བའི་དུས་བཅད་ནང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་འགོ་ཁྲིད་དང་། ཁ་གཏད་རོགས་སྐྲུན་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར། རྒྱལ་གཞུང་ཁེ་ལས། དམག་སྡེ་བཅས་ཀྱི་རྒྱབ་སྐྱོར་ཚད་མེད་འོག མཚོ་སྔོན་མི་དམངས་ཀྱིས་གོང་འོག་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་ལ་ཕྱོགས་ནས། དུས་ད་ལྟའི་བར་མིའི་རིགས་ཀྱི་འཕེལ་རྒྱས་ཁྲོད་བྱུང་མ་མྱོང་བའི་ས་བབ་ཆེས་མཐོ་ཤོས་ཀྱི་བསྐྱར་སྐྲུན་ལེགས་འགྲུབ་བྱུང་།

དུས་ཚོད་དང་འགྲན་བཙུགས་ཏེ། ལོ་གཉིས་མ་སོང་བའི་འཛུགས་སྐྲུན་དུས་བཅད་ནང་། ཏང་ཀྲུང་དབྱང་གིས་བཏོན་པའི་བསྐྱར་སྐྲུན་དམིགས་འབེན་ལྟར། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས“ལོ་གསུམ་ལ་དཀའ་བ་སྤྱད་དེ་ལོ་ཉི་ཤུའི་འཕེལ་རྒྱས་ལས་བརྒལ་བ་འཛུགས་སྐྲུན་བྱ་བའི”བློ་རྩ་བརྟན་པོ་དམ་དུ་སྲུང་ནས་ཚན་རིག་དང་མཐུན་ཞིང་། ཁྲིམས་ལུགས་ལ་གོང་བཀུར། ཕན་འབྲས་ལ་དང་དོད། འཆམ་མཐུན་མཉམ་བརྩོན་གྱི་བསྐྱར་སྐྲུན་ལ་ཧུར་གྱིས་འབད་དེ། ཡོམ་རྗེས་བསྐྱར་སྐྲུན་གྱི་ལས་འགན་གཙོ་བོ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་རེད།

ཏག་ཏག་ལོ་གསུམ་ནང་། གངས་ལྗོངས་འཛིན་མའི་དབུས་སུ་སྔོ་ཞིང་བསངས་པའི་ནམ་མཁའ་དང་། ཁྱད་ཆོས་ལྡན་པའི་ཁང་བཟང་། འཁྲུག་ཆ་དོད་པའི་ཁྲོམ་སྲང་། གློག་འོད་གསལ་བའི་ཁོར་ཡུག་ཀུན་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་པ་ཞིག་གསོན་ཤུགས་དང་བཅས་སྟོབས་ཀྱི་འགྱིང་ཡོད།

འཛམ་གླིང་ཡོངས་ཀྱི་དོ་སྣང་། རྒྱལ་ཡོངས་མི་དམངས་ཀྱི་དོ་ཁུར། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཁྲོད་ཡོམ་རྗེས་བསྐྱར་སྐྲུན་གྱི་འཆར་འགོད་ཡིད་བཞིན་དུ་འགྲུབ་ཅིང་། ཤོག་ངོས་ཀྱི་རིས་ལྗོངས་ཤིག་གསོན་ཉམས་ཀྱིས་ཕྱུག་པའི་གྲོང་ཁྱེར་དུ་བསྒྱུར་བའི་མི་ཡུལ་གྱི་མཛད་འཕྲིན་རྣམ་པར་བསྐྱངས།

ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་རྟགས་འདིས་ང་ཚོ་ལ་ཕམ་ཁ་ཅི་ཙམ་བྱུང་ན་དཔའ་ངར་དེ་ཙམ་ཆེ་བའི་དད་སེམས་དང་སྟོབས་ཤུགས་བསྩལ།

ཡུལ་ཤུལ་གྱི་ལོ་ངོ་བཅུའི་རིང་། ང་ཚོ་སྙིང་སྟོབས་ཆེན་པོ་ཞིག་གིས་སྣེ་འཁྲིད་དེ་མདུན་དུ་བསྐྱོད།

དུས་ད་ལྟའི་བར་དུ། ཡོམ་ཤུལ་དུ་ལུས་པའི་སྐྱེ་རྒུ་གྲོང་རྡལ་གྱི་ལྷོ་སྒོ་འབའ་ཐང་གཙང་འགྲམ་དང་། ཐོག་སོ་གཉིས་ས་འོག་ཏུ་བརྡིབས་པའི་ཐོག་སོ་ལྔ་ཅན་གྱི་ཐོག་ཁང་མཐོང་ཚེ། ལོ་ངོ་བཅུའི་སྔོན་གྱི་ཆག་འཇིག་དེའི་ཚད་ག་འདྲ་ཆེ་བ་ཤེས་ཐུབ།

རླབས་ཆེན་གྱི་དུས་རབས་ཀྱིས་རླབས་ཆེན་གྱི་སྙིང་སྟོབས་བསྐྱེད་ཅིང་། རླབས་ཆེན་གྱི་སྙིང་སྟོབས་ལས་རླབས་ཆེན་གྱི་སྟོབས་ཤུགས་འཁྲུངས།

ཀྲུང་གོ་མི་དམངས་ཀྱིས་ཡུན་རིང་གི་འབད་འཐབ་ཁྲོད་དུ་རླབས་ཆེ་བའི་མི་རིགས་ཀྱི་སྙིང་སྟོབས་འཛིན་སྐྱོང་སྤེལ་གསུམ་བྱས་ནས་ཀྲུང་གོའི་འཕེལ་རྒྱས་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་རྒྱས་ལ་སེམས་ཤུགས་བསྩལ། ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཀྱི་སྙིང་སྟོབས་ལ་འདི་ལྟར་ཆེ་བ་བརྗོད་དུས་ཡུལ་ཤུལ་ས་འགུལ་ཁྲོད་ཀྱི་འོད་དུ་འཚེར་བའི་སྙིང་སྟོབས་ཏེ། ཡུལ་ཤུལ་གྱི་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་དེ་དབང་མེད་དུ་དྲན་ཡོང་།

ཡུལ་ཁོག་ཅིག་གི་ཁྱད་ཆོས་དེ་ཕྱིའི་རྣམ་པ་ཁོ་ན་མ་ཡིན་པར་ནང་སེམས་ཀྱི་འཇིག་རྟེན་ལ་གནས་པ་ཡིན། ལོ་རྒྱུས་རིམ་བྱུང་གི་རྩྭ་ཐང་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཁྲོད་་ཡུལ་ཤུལ་མི་དམངས་ཀྱི་སེམས་རྒྱ་དང་ཡར་བརྩོན། ཕམ་ཁ་ལ་མི་འཇིགས་པའི་དཔའ་སྟོབས་རྒྱས།

ལོ་བཅུའི་སྔོན་གྱི་ཆག་འཇིག་ལས་ཡུལ་ཤུལ་མི་དམངས་འཇིགས་པ་ལས་བྲལ་ཏེ་འགོག་ཏུ་མེད་པའི་ཁྱིམ་གཞིས་བསྐྱར་སྐྲུན་གྱི་སྤོབས་པས་ཁེངས་ཤིང་། “རེ་བ་དང་ཡིད་ཆེས”ཀྱི་ཀློང་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཐུན་མོང་གི་སྙིང་སྟོབས་དར་སྤེལ་བཏང་བ་དང་། “སེམས་ཅན་སྙིང་དང་མི་དམངས་སྲོག་ཏུ་འཛིན་པའི”འགན་འཁྲི་ཁུར་དུ་བླངས་ཏེ། “སེམས་པ་བརྩེ་བས་ཁེངས་ཤིང་། བློ་བརྟན་འགྱུར་བ་མེད་པ། འགྲན་སློང་ལ་དཔའ་མི་ཞུམ་པ། དྲིན་བཟོའི་འབད་འཐབ་ལ་བརྩོན་པའི”ཡུལ་ཤུལ་གྱི་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་ཆེན་པོ་གྲུབ་ལ།དེ་ནི་མི་ཁྲི་སྟོང་མང་པོའི་ཟུང་ཁྲག་དང་རྔུལ་ཆུ་སྟེ་ཁོ་ཚོ་མི་རེ་རེ་ཡི་འབད་འབུངས་ལས་གྲུབ་པ་ཞིག་རེད།

ཉིན་མཚན་དབྱེར་མེད་དུ་ཤི་གསོན་གྱི་འགག་འཕྲང་རེ་རེར་དཔའ་ངར་ཞུམ་མེད་ཀྱི་བརྩེ་བའི་འོད་སྣང་སྦྱིན། ཡོམ་འགོག་རྒུད་སྐྱོབ་དང་ཡོམ་རྗེས་བསྐྱར་སྐྲུན་གྱི་ཁྲོད་དུ་ཡུལ་ཤུལ་མི་དམངས་སྨན་ཁང་གི་འགོ་གཙོ་ཧན་ཧུའེ་དབྱིན་དང་། ཁང་པ་བརྡིབས་འོག་ཏུ་ཤོར་བའི་དྭ་ཕྲུག་ཁང་གི་དགེ་སློབ་སྐྱོབ་མཁན་ཞང་ཀང་གི“བརྩེ་བའི་ལས་གཞོལ་པ”ཧུང་ཧྥུ་རོང་། ཡོམ་ཁུལ་དུ་ཞལ་འདེབས་དངོས་ཟོག་སྐྱེལ་བའི་ལམ་བར་དུ་དོན་རྐྱེན་བྱུང་བའི་ལན་གྲུའི“ཆེས་མཛེས་པའི་བག་གསར”ལི་ཁྲེང་ཧུན་སོགས་གནོད་འཚེ་ཁྲོད་སྲོག་ཤོར་བས། ང་ཚོས་མི་ཡུལ་གྱི་བརྩེ་བ་ཆེན་པོ་ཞེས་པས་ཅི་ཞིག་བརྗོད་པ་རྟོགས་ལ། ཤི་གསོན་ལ་འགྲན་སློང་ཞེས་པས་ཅི་ཞིག་བསྟན་པ་ཚོར།

སྡུག་བསྔལ་བཟོད་བསྲན་དང་ཕན་ཚུན་རོགས་འདེགས་ཀྱི་དྲོད་ཁོལ་ཆེན་པོ་ཀྲུང་ཧྭའི་འཛིན་མའི་ཁྱོན་དུ་ཁྱབ། པེ་ཅིང་དང་ལའོ་ཉིང་། ཀྲུང་གོའི་བཟོ་བཀོད། ཀྲུང་གོའི་ལྕགས་ལམ། ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན། ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་བཅས་ཡུལ་གཉིས་དང་རྒྱལ་གཞུང་ཁེ་ལས་ཆེན་པོ་བཞི་ཡི་བསྐྲུན་རོགས་མཁན་ཁྲི་ཕྲག་མང་པོ་ནང་མི་དུ་ཁ་བྲལ་ནས་མཐོ་སྒང་ལ་གོམ་ཁ་བསྒྱུར་ཞིང་། ས་མཐོ་དང་དབྱང་རླུང་དཀོན་པོའི་དཀའ་ཁག་ལ་འཛེམ་དོགས་ཅི་ཡང་མེད་པར་བརྩེ་བ་ཆེན་པོ་ཞིག་དང་སྙིང་སྟོབས་ཆེན་པོ་ཞིག འགན་འཁྲི་དང་འོས་འགན་ཞིག་བསྣམས་ནས་ལུས་ཀྱི་ཟུང་ཁྲག་དང་རྔུལ་ཆུ་ཕངས་མེད་དུ་གཏོར་ཞིང་རང་སྲོག་ཚད་ཤིང་དུ་བཞག་ནས་ཡུལ་ཤུལ་གསར་པ་བཞེངས།

འོད་དུ་འཚེར་བའི་མཛད་འཕྲིན་དེ་དག་ཡིད་ཀྱི་དབུས་དང་དྲན་པའི་གཏིང་རིམ་དུ་རྡོ་ལ་རི་མོ་བརྐོས་པ་བཞིན་གསལ་ལྷང་ངེར་དྲན། ངག་དགའ་དང་། ཝང་ཁྲེང་ཡུན། ཚེ་རིང་བཟང་པོ། སྦྱིན་པ་ཚེ་རིང་།  ལིའུ་ཡའོ་ཀྲུང་། ལྷ་གཡང་། ལྷག་པ་སྒྲོལ་མ། སུང་ཀྲི་ཧྥེང་། སྒྲོལ་དཀར། སུང་ཏེ་རོང་སོགས་ཀྱིས་ཡུལ་ཤུལ་བསྐྱར་སྐྲུན་གྱི་ཆེད་དུ་རང་སྲོག་བློས་བཏང་ཞིང་ང་ཚོ་དང་གཏན་དུ་གྱེས་མོད། ཁོ་ཚོ་འགྱེལ་ཤུལ་དུ་དཔའ་བོའི་རྟོགས་བརྗོད་ཀྱིས་གཏིམས་པའི་རྡོ་རིང་རེ་རེ་གངས་རི་ལྟར་ས་ཆེན་འདིའི་ཕྲག་ཏུ་འགྱིང་ངེར་བརྗིད།

སྙིང་སྟོབས་སམ་སྤོབས་པ་ནི་གྲོགས་མེད་ཁེར་རྐྱང་དང་སྔར་མེད་གློ་བུར་དུ་བྱུང་བ་ཞིག་ག་ལ་ཡིན་ཏེ། དེ་ནི་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་འཛིན་སྐྱོང་གི་ཞིང་ས་གཤིན་པོ་ལས་མྱུ་གུ་རྒྱས་ཤིང་འབྲས་བུ་སྨིན་པ་ཞིག་ཡིན་ངེས།

ཡུལ་ཤུལ་གྱི་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་ནི་སི་ཁྲོན་གྱི་ཝུན་ཁྲོན་ས་ཡོམ་ཆེན་པོའི་ཁྲོད་བྱུང་བ་ཡིན་ཏེ། མི་བརྒྱ་སེམས་གཅིག གྲུ་བ་ཕྱར་འདེགས། དཀའ་བ་ཁྱད་གསོད། བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཤིག་ཡིན་ལ། མི་རྩ་བར་འཛིན་ཞིང་ཚན་རིག་ལ་བརྩི་འཇོག་བྱེད་པའི་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་རླབས་ཆེན་ལགས།

ཡུལ་ཤུལ་གྱི་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་ནི། ལོ་ངོ་སྟོང་ཕྲག་ལྔའི་ལོ་རྒྱུས་ཡོད་པའི་ཀྲུང་གོའི་ཤེས་དཔལ་དང་། ཀྲུང་གོའི་རིག་གནས་ལས་རྩོད་བྱུང་རིག་གནས་ཀྱི་ཁྱད་རྟགས་དང་ཕུལ་ཏུ་བྱུང་བའི་གཤིས་རྒྱུད་བཟང་པོ་ལས་སྨིན་པ་ཤ་སྟག་ཡིན།

རླབས་ཆེ་བའི་སྙིང་སྟོབས་འདི་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་། “དམིགས་བསལ་ལྔ”ཞེས་མཚོ་བོད་མཐོ་སྒང་གི་སྙིང་སྟོབས། ལམ་གཉིས་སྙིང་སྟོབས་སོགས་ཀྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་སྙིང་སྟོབས་དང་སྒུལ་ཤུགས་སུ་གྲུབ་ལ། “མཐོར་འཛེག་རྒྱང་གཟིགས་དང་། གདེང་ཚོད་ཡོད་པའི་སྒོ་འབྱེད། མཐུན་སྒྲིལ་སྐྱེས་འབུལ། འབད་པ་ལྷོད་མེད ”ཀྱི“མཚོ་སྔོན་གསར་པའི་སྙིང་སྟོབས”ཀྱི་ཡང་སྙིང་དུ་གྱུར་ནས་མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་དང་དཀའ་ངལ་ཁྱད་གསོད་ལ་སེམས་ཤུགས་བསྩལ་ལ། མི་སེམས་འགུལ་བའི་ངོ་མཚར་རྟོགས་བརྗོད་ཅིག་མི་ཡུལ་དུ་བརྩམས།

དེ་བས“མཚོ་སྔོན་གསར་པའི་སྙིང་སྟོབས”ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་འཁྲིད་དེ་དཀའ་ཁག་ཅི་འཕྲད་སེལ་ཐུབ་ལ། མཚོ་སྔོན་གྱི་འཛིན་མའི་ཁྱོན་དུ་རི་ཀློང་སྒུལ་བའི་སྙན་རྩོམ་བརྩམས་ནས་ཟིལ་རླབས་དགུང་དུ་འཕྱུར་བའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཐུབ་ངེས།

ཡུལ་ཤུལ་གྱི་ལོ་ངོ་བཅུའི་ནང“དྲིན་ལན་ལྷད་མེད་ཀྱིས་འཇལ། རྒྱལ་དྲིན་སྣོད་བཅུད་ཀྱིས་སྐྱོང”ཞེས་པའི་བསམ་བློ་མི་རེ་རེའི་སེམས་ལ་བཞག

གནས་འདིར་ཁོར་ཡུག་སྲུང་སྐྱོབ་དང་། སྣོད་བཅུད་སྲུང་སྐྱོང་གི་གཏམ་རྒྱུད་རེ་རེ་རྒྱ་མཚོ་རླབས་ཕྲེང་བཞིན་བགྲང་གིས་མི་ལང་།

2017ལོའི་ཟླ10བར། “ཆེས་མཛེས་པའི་བྱིས་བློ། སྣོད་བཅུད་ཀྱི་མགུལ་རྒྱན”ཞེས་པའི་འདྲ་པར་ཞིག་དྲ་ཐོག་ཏུ་གྲགས། འདྲ་པར་དེ་ནི་ཆུ་གསུམ་འགོ་ཁུངས་ཀྱི་བྱིས་པ་གསུམ་གྱིས་གད་སྙིགས་རྣམས་འགྱིག་དུམ་དུ་བླུགས་རྗེས་ཕྲེང་བ་བཞིན་མགུལ་དུ་བཏེགས་ནས་ཁྱིམ་དུ་འབྱོར་རྗེས་གད་སྙིགས་བླུགས་སར་བསྐྱོད་པའི་གཏམ་རྒྱུད་ཅིག་ཡིན། 

2017ལོའི་ཟླ5པར། ཆུ་གསུམ་འགོ་ཁུངས་སྣོད་བཅུད་ཁྲིམས་ཁང་གིས་སྒོ་བྱང་བཏེགས་རྗེས་སུ་གླ་རྩི་བསྡུ་ཉོ་བྱེད་མཁན་ཉེས་ཅན་ལ་ཁྲིམས་ཐག་བཅད་པའི་གྱོད་དོན་ཐོག་མ་ཐག་བཅད་ཅིང་། ཕྱིས་འབྲི་ཆུ་འབབ་རྒྱུད་ཀྱི་ཁོར་ཡུག་ཐོན་ཁུངས་ཀྱི་ཉེས་དོན་ཐག་བཅད་པའི་གྱོད་དཔེ་ཆེན་པོ་བཅུའི་གྲས་སུ་ཚུད།

2020ལོའི་ཟླ4བར། ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་ཁོངས་ཀྱི་འབྲོག་པའི་ནོར་ལྷས་སུ་་གསའ་ཞིག་འཇབ་རྒྱུག་བྱེད་དུས་ནོར་རྭས་བསྣད་རྨས་ཐེབས་པས། འབྲེལ་ཡོད་སྡེ་ཚན་གྱིས་དེ་འཕྲལ་གསའ་དེ་བསྐྱབས་ནས་ཕྱིར་ནགས་ཚལ་དུ་བཏང་། གནས་ཚུལ་འདི་ཡུལ་དེར་མཚོན་ན་ཐེངས་དང་པོ་མིན་ཏེ་ཞིང་ཆེན་གྱི་ས་ཁུལ་གཞན་དག་ཏུའང་གསའ་མཐོང་བ་མང་།

ཡུལ་ཤུལ་ནི་ཆུ་གསུམ་འགོ་ཁུངས་སུ་ཆགས་ཤིང་། འབྲི་ཆུ་ལེ་དབར1217དང་རྨ་ཆུ་ལེ་དབར150། རྫ་ཆུ་ལེ་དབར465.5ས་ཁོངས་འདིར་འབབ་ཀྱི་ཡོད་པ་དང་། སྤྱོད་འཐུས་རྩྭ་ས་སྤྱི་ཆིངས་ཁྲི1165.45ཡོད་ལ། ཁོངས་དེར་ད་སྔ་ཆུ་གསུམ་འགོ་ཁུངས་དང་། ཨ་ཆེན་གངས་རྒྱབ། རོང་པོ་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གསུམ་ཡོད་པ་ལས་ཆུ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གིས་ཡུལ་ཤུལ་་གྱི་སའི་རྒྱ་ཁྱོན་གྱི85%ཟིན་པ་དང་། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དེ་ཡང2017ལོའི་ཟླ7 པར་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་ཐོར་ཚུད།

རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི་བསམ་བློ་དེ་ཡུལ་ཤུལ་གྱི་མི་རེ་རེའི་བསམ་སྤྱོད་གཉིས་ཀྱི་ཁྲོད་འཐིམས་ནས་རྒན་གཞོན་དབྱེར་མེད་ཀྱི་གཤིས་སུ་རྩྭ་ཐང་སྲུང་སྐྱོང་དང་ཁོར་ཡུག་གཅེས་སྐྱོང་གི་གོམས་འདྲིས་ཤིག་རང་བཞིན་དུ་གྲུབ།

ཡུལ་ཤུལ་ལས་ལ་བྲེལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ་ཡུལ་ཤུལ་གྱིས་ཆུ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དང་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག བོད་ཀྱི་རིག་གནས་དང་(ཡུལ་ཤུལ)སྣོད་བཅུད་སྲུང་སྐྱོབ་ཚོད་ལྟ་ཁུལ་ལ་སོགས་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་འཕེལ་རྒྱས་གོ་སྐབས་ཤིག་བསུས་ཏེ། འཚོལ་ཞིབ་ལ་བརྩོན་ལེན་དང་ཉམས་མྱོང་ལ་སྤྱི་སྡོམ་ཐོག་ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་བསམ་བློ་དེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལག་ལེན་གསར་པའི་ཁྲོད་བླངས།

ཡུལ་ཤུལ་ལས་ལ་བྲེལ། “རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི”ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཇེ་བརྟན་དུ་བཏང་ཞིང་། ཡུལ་ཤུལ་གྱི་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་དེ“དྲིན་ལན་ལྷད་མེད་ཀྱིས་འཇལ། རྒྱལ་དྲིན་སྣོད་བཅུད་ཀྱིས་སྐྱོང”ཞེས་པའི་བྱ་སྤྱོད་དངོས་ལ་བསྒྱུར་ཞིང་། ཆུ་གསུམ་འགོ་ཁུངས་ཀྱི་སྲུང་སྐྱོབ་བྱ་བ་ཆབ་སྲིད་ཆེན་པོ་དང་འགན་འཁྲི་ཆེན་པོ། དམངས་ཚིས་ཆེན་པོར་བརྩིས་ནས་ལེགས་པར་བསྒྲུབས།

ཡུལ་ཤུལ་ལས་ལ་བྲེལ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་དང་། སྣོད་བཅུད་དཔལ་ཡོན་གྱི་བསམ་བློ་དར་སྤེལ། ཆུ་གསུམ་འགོ་ཁུངས་ཀྱི་སྣོད་བཅུད་ལ་སྲུང་སྐྱོབ་ལེགས་པོ་དང་འཛུགས་སྐྲུན་ལེགས་པོ་བཅས་བྱས་ནས་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་ཐད་ཕན་འབྲས་བཟང་པོ་བླངས།

ཡུལ་ཤུལ་ལས་ལ་བྲེལ། ནགས་ཚུལ་ཀྱི་ཁེབས་རྒྱ་དེ2010ལོའི་3.2%ནས2019ལོའི3.97%ཇེ་ཆེར་སོང་བ་དང་། 2010ལོ་ནས2019ལོར་སྔ་རྗེས་སུ་བྱེ་འགྱུར་རིགས་ཀྱི་ས་མུའུ་ཁྲི464.73བཅོས་སྐྱོང་བྱས། 2015ལོར་ཀྲུང་དབྱང་གིས་ཆུ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དུ་བསྒྱུར་རྒྱུ་ཐག་བཅད་རྗེས་མི་ཁྲི1.8万སྣོད་བཅུད་སྤྱི་ཕན་གྱི་ལས་གནས་སུ་བཅུག་པ་མ་ཟད། 2017ལོར་ཡུལ་ཤུལ་དེ་རྒྱལ་ཡོངས་འཕྲོད་བསྟེན་གྲོང་ཁྱེར་དུ་བསྒྱུར།

དཔྱིད་དུས་ཀྱི་རོང་པོ་ན་འདམ་ནི་སྔོ་ཞིང་བསངས་པའི་ནམ་མཁའི་འོག་ལྟ་ན་སྡུག་ལ།  ཁད་མི་རིང་སར་གངས་རི་ལྷུན་གྱིས་བརྗིད། ཁྲུང་ཁྲུང་ལ་སོགས་འདབ་ཆགས་ཁྲི་མ་འབུམ་ཆུ་ངོས་སུ་ཅི་དགར་རྩེན་ཞིང་། ནོར་ལུག་ཁྱུ་དང་ཁྱུ་བྱས་ཉེ་འཁོར་གྱི་སྤང་ཐང་དུ་བག་ཕེབས་རྒྱུ་བ་སོགས་འཆམ་མཐུན་གྱི་རི་མོ་ཞིག་ཐང་ལ་བཀྲམས་པ་དང་ཀུན་ནས་མཚུངས།

ཡུལ་ཤུལ་མ་ཟད། མཚོ་སྔོན་སྤྱིའི་སྣོད་བཅུད་ཀྱི་གོ་གནས་ནི་སུས་ཀྱང་ཚབ་བྱེད་མི་ཐུབ་ལ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་གལ་ཆེ་རང་བཞིན་དེ་བས་གཙིགས་ཆེ། 

ཆུ་གསུམ་འགོ་ཁུངས་ཀྱི་ན་འདམ་གྱི་རྒྱ་ཁྱོན་དེ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི3.9ནས་ཁྲི5ལ་ཉེ་བར་བསླེབས། དུས་རབས་སྔོན་མའི་ལོ་རབས60པའི་ནང་དུ་སྐམ་པའི་མཚོ་འཚེའུ་སྟོང་ཕྲག་སླར་སོས། མཚོ་སྔོན་པོའི་རྒྱ་ཁྱོན་ཡང2018ལོར་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་4563.8ལ་བསླེབས་ཤིང་། 2004ལོ་དང་བསྡུར་ན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ319.38ཇེ་ཆེར་སོང་། གསའ་དང་དགོ་བ། གཙོད། འབྲོང་། རྐྱང་། ཁྲུང་ཁྲུང་ལ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེའི་རིགས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད།

སྣོད་བཅུད་ཐོན་ཁུངས་ནི་ཐོན་ཁུངས་ཆེ་ཤོས་དང་། སྣོད་བཅུད་ཀྱི་དགེ་མཚན་ནི་དགེ་མཚན་ཆེ་ཤོས། ལྗང་མདོག་འཕེལ་རྒྱས་ནི་འཕེལ་རྒྱས་ཆེ་ཤོས་དེ་ཡིན། སྣོད་བཅུད་སྲུང་སྐྱོང་སྔོན་སྤེལ་རྒྱུན་འཁྱོངས་ཀྱི་སྔོན་འགྲོའི་མཐུན་རྐྱེན་འོག  འཕེལ་རྒྱས་དང་གསར་གཏོད་སོགས་གང་གི་ཆ་ནས་མཆོག་ཏུ་གྱུར་བའི་བདེ་སྐྱིད་འཚོ་བ་ཅིས་ཀྱང་མངོན་དུ་འགྱུར་ངེས།

ཁོན་ཐར་འཚོས་བསྒྱུར།