ཡུལ་ཤུལ4.14གནོད་འགོག་རྒུད་སྐྱོབ་བྱས་ནས་ལོ་ངོ10འཁོར་བའི་རྗེས་དྲན་ཚོགས་འདུ་བསྡུས་པ།

རང་རེའི་དྲ་བའི་འཕྲིན་ལྟར་ན། ཟླ4པའི་ཚེས14ཉིན། ཡུལ་ཤུལ4.14གནོད་འགོག་རྒུད་སྐྱོབ་བྱས་ནས་ལོ་ངོ10འཁོར་བའི་རྗེས་དྲན་ཚོགས་འདུ་ཡུལ་ཤུལ་གྲོང་ཁྱེར་ནས་གཟབ་རྒྱས་ངང་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གཉིས་ཚོགས་འདུར་ཞུགས།



ཡུལ་ཤུལ་གྲོང་ཁྱེར་དྲིན་ཚོར་ཐང་ཆེན་སྟེང་། དྲིན་ཚོར་དྲན་གསོའི་རྡོ་རིང་ཀྲོང་ངེར་ལངས་པ་དང་གཞོགས་གཉིས་སུ་ལུག་མིག་མེ་ཏོག་སེར་སྐྱ་གཉིས་ཀྱིས་བསླས་པའི་མེ་ཏོག་གི་ཨ་ལོང12ཀྱིས་ཡུལ་ཤུལ་གྱི་ས་ཡོམ་དང་། ཡོམ་འགོག་གནོད་སེལ། གེགས་རྗེས་བསྐྱར་སྐྲུན་བཅས་ཀྱི་རྐྱེན་ལམ་དུ་ཤོར་མཁན་ལ་རྗེས་དྲན་ཟབ་མོ་ཞུས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མངགས་བཅོལ་སྟེ། ཡུལ་ཤུལ་“འཕེལ་རྒྱས་དང་འཚོ་བ་སྔར་བས་བཟང་དུ་འགྲོ་བའི”སྦྱར་ཚིག་ཆེན་པོ་དར་དམར་གྱི་མཛེས་རྒྱན་འོག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱིས་ཡུལ་ཤུལ་གྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་མཚོན་པར་བྱས་ཡོད། “དུས་རབས་གསར་པ་དང་། ཡུལ་ཤུལ་གསར་པ། འཚོ་བ་གསར་པ”བཅས་ཀྱི་རྗེས་དྲན་བྱེད་སྒོའི་བརྗོད་དོན་གཙོ་བོ་དེ་བས་མངོན་གསལ་དོད་པ་དང་། ཡུལ་ཤུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་གསོན་ཤུགས་རྒྱས་པ་དང་དྲིན་ཚོར་འབད་འབུངས་ཡར་བརྩོན་བྱེད་པའི་གདེང་ཚོད་དང་དཔའ་སྟོབས་མཚོན་པར་བྱས་ཡོད། ཚོགས་རའི་རྣམ་པ་བརྗིད་ཉམས་ལྡན་པ་ཞིག་རེད།

སྔ་དྲོའི་ཆུ་ཚོད9དང་སྐར་མ30ཡི་སྟེང་། རྗེས་དྲན་ཚོགས་ཆེན་འགོ་ཚུགས་པ་རེད། ཡུལ་དངོས་སུ《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་གཏོང་བྱས་པ་དང་། རྗེས་དྲན་བྱེད་སྒོར་ཞུགས་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི1200ལྷག་ཙམ་གྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། དེའི་འཕྲོར་ཚང་མ་གུས་སྟབས་ཀྱིས་ལངས་ཏེ་ངག་བསྡམས་ནས་མྱ་ངན་ཞུས།

སྙན་འཇེབས་ལྡན་པའི《མེ་ཏོག་འབུལ་བའི་རོལ་དབྱངས》ཁྲོད། གུས་དམག18ཀྱིས་མེ་ཏོག་ཆུན་པོ9བཀྱགས་ནས་རྗེས་དྲན་རྡོ་རིང་ཕྱོགས་སུ་བསྐྱོད་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། མཚོ་སྔོན་དུ་སྡོད་པའི་དམག་མིའི་ཉེན་རྟོག་དཔུང་སྡེ། ཡུལ་ཤུལ་ཁུལ། རོགས་སྐྲུན་ཞིང་ཆེན་དང་གྲོང་ཁྱེར་དང་དེ་བཞིན་ཚན་པ། མི་དམངས་ཚོགས་པ་ཁག་དང་ལས་རིགས་ཁག་གི་མང་ཚོགས། ཞིང་ཆེན་ལོ་ཆུང་གདོང་ལེན་རུ་ཁག་བཅས་ནས་ཕུལ་བ་རེད། ཝང་ཅན་ཅོན་མེ་ཏོགཆེན་པོའི་མདུན་དུ་སོང་སྟེ་རྗེས་དྲན་དང་གུས་འདུད་ཞུས་པ་རེད།

དེ་རྗེས་ཝང་ཅན་ཅོན་གྱིས་གཏམ་བཤད། ཁོང་གིས་དེ་རིང་ང་ཚོས་འདི་གར་འདུ་འཛོམས་བྱས་ནས་ཡུལ་ཤུལ་ས་ཡོམ་བྱུང་ནས་ལོ་བཅུ་འཁོར་བར་མཆོད་འབུལ་བྱས་པ་ཡིན། ས་ཡོམ་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་ཡོམ་འགོག་གནོད་སེལ་དང་གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུ། ཡོམ་འགོག་གནོད་སེལ་དང་གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལ་བྱས་རྗེས་གལ་ཆེན་བཞག་པའི་མི་དམངས་དམག་དཔུང་དང་། རྒྱལ་ཁབ་ཀྱི་པུའུ་ཨུད། ཀྲུང་དབྱང་ཁེ་ལས། རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ལས་རིགས་ཁག་གི་མི་སྣ། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ། རྒྱལ་སྤྱིའི་གྲོགས་པོ་བཅས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་ཡིན། ཁྱིམ་གཞིས་བསྐྱར་སྐྲུན་དང་སྲུང་སྐྱོང་ཆེད་དཀའ་སྤྱད་འབད་བརྩོན་གནང་མཁན་ཡུལ་ཤུལ་གྱི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཅེས་བཤད།

ཝང་ཅན་ཅོན་གྱིས་བཤད་རྒྱུར། ང་ཚོ་དུས་ནམ་ཡིན་ཡང་། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བསྟུན་དགོས་ཤིང་། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་དགོས་ལ། རང་བྱུང་ཁམས་ནི་སྔར་བཞིན་ང་ཚོ་འཚོ་སྡོད་ཀྱི་ཁྱིམ་གཞི་ཡིན།དེ་རིང་ང་ཚོས་འདི་ནས་ཕྱིར་དྲན་བྱས་ན། སེམས་སུ་བཀའ་དྲིན་ཚད་མེད་ཀྱིས་ཁེངས་ཡོད། ས་ཡོམ་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་དུ་བརྩེ་སེམས་ལྡན། ང་ཚོས་ནམ་ཡང་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་ཚད་མེད་དང་། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་སྟོབས་ཤུགས། དེ་མིན། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བློས་གཏོང་རོགས་རམ་ནམ་ཡང་སེམས་སུ་བཟུང་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་ཟབ་ཤོས་དང་། རྒྱལ་ཡོངས་མི་དམངས་ཀྱི་ཆེས་ནུས་ལྡན་གྱི་རྒྱབ་སྐྱོར། སྤྱི་ཚོགས་ལས་རིགས་ཁག་གིས་ཆེས་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བ་བཅས་ང་ཚོས་དུས་ནམ་ཡང་བློ་ལ་བརྟན་པོར་ངེས་ཀྱི་ཡོད་ཅེས་བསྟན།

མཇུག་ཏུ་ཝང་ཅན་ཅོན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཡུལ་ཤུལ་གྱི་འབྱུང་འགྱུར་དང་མཚོ་སྔོན་གྱི་འབྱུང་འགྱུར་དེ་བས་འོད་སྟོང་འབར་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ལིག་ཉིང་གིས་བཤད་དོན། ལོ10ཡི་གོང་གི་ཚད་རིམ7.1ཅན་གྱི་ས་ཡོམ་དྲག་པོས་ཡུལ་ཤུལ་དུ་ཤི་གོད་ཚབས་ཆེན་་བཟོས་ཏེ། མཚོ་སྔོན་ལོ་རྒྱུས་ཐོག་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མང་ཤོས་དང་དཔལ་འབྱོར་གྱོང་གུན་ཚབས་ཆེ་ཤོས་ཀྱི་ས་ཡོམ་གྱི་གནོད་འཚེ་ཕོག ས་ཡོམ་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། མི་དམངས་དམག་དཔུང་དང་། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་དང་དེ་བཞིན་པེ་ཅིང་གྲོང་ཁྱེར། ལེའོ་ཉིང་ཞིང་ཆེན། ཀྲུང་གོའི་འཛུགས་སྐྲུན། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་སོགས་རོགས་སྐྱོར་ས་ཁུལ། ཀྲུང་དབྱང་ཁེ་ལས། རྒྱལ་ཡོངས་མི་དམངས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཡུལ་ཤུལ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་རླབས་ཆེན་རྒྱལ་ཁ་བླངས་པ་རེད། དེ་རིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་ང་ཚོས་འདི་གར་ཡུལ་ཤུལ་གྱི་ཡོམ་འགོག་གེགས་སེལ་གྱི་ལོ10འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་འཚོགས་ནས་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་ཡོམ་འགོག་གེགས་སེལ་དང་དེ་བཞིན་གེགས་རྗེས་བསྐྱར་སྐྲུན་ཁྲོད་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུ། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ལ་དྲིན་ཚོར་ཟབ་མོ་བཅངས་ཏེ། ཡུལ་ཤུལ་གྱི་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རང་བྱུང་ལ་བརྩི་འཇོག་དང་དྲིན་ཚོར་ཡར་བརྩོན་གྱི་དབྱར་མཚོ་རྒྱས་པ་ལྟ་བུའི་སྟོབས་ཤུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། ད་ཐེངས་ཀྱི་དྲན་གསོའི་ཚོགས་ཆེན་ནི་འདས་ཟིན་པར་སྙིང་དབུས་ནས་བདེ་མོ་འཇོག་པ་དང་། འབྱུང་འགྱུར་གྱི་མཛེས་སྡུག་ལ་རེ་ཞིང་སྒུག་པའི་རེ་སྨོན་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཕྱོགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་དང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཡུལ་ཤུལ་དུ་མུ་མཐུད་དྲིན་ཚོར་ཡར་བརྩོན་བྱེད་པ་དང་། ཡུལ་ཤུལ་དུ་མེ་ཏོག་གང་སར་བཞད་པ། འབྲས་བུ་གཡུར་དུ་ཟ་བ་ཐོབ་པ། ཡུལ་ཤུལ་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་རྒྱུར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།

ཚོགས་འདུའི་ཐོག ཧྲེང་ཀྲང་གཞོན་པ་དབྱང་ཧྥུང་ཁྲུན་གྱིས་རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་ས་ཡོམ་ཅུས་ཀྱིས་འཕྲིན་ཡིག་སྤྲིངས་པ་རེད། ཡུལ་ཤུལ་ཁུལ་ཏང་ཨུ་དང་། རོགས་སྐྲུན་ཁེ་ལས། ཡུལ་ཤུལ་མང་ཚོགས་བཅས་ཀྱི་འཐུས་མིས་གཏམ་བཤད།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ཝང་ཡུས་ཡན། ཞིང་ཆེན་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་དབྱང་ཁོ་ཞང་། འབུམ་ཤོག76གི་དམག་དཔོན་གཞོན་པ་ཀུའུ་ཀྲུང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ལི་ཙའེ་ཡོན་བཅས་བྱེད་སྒོར་ཞུགས། དྲན་གསོའི་ཚོགས་ཆེན་མ་འཚོག་གོང་ཞིང་ཆེན་འགོ་ཁྲིད་མཉམ་སྡེབ་ཀྱིས་ཡུལ་ཤུལ་གེགས་རྗེས་བསྐྱར་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།

ཀླུ་མོས་བསྒྱུར།