【དུས་རབས་གསར་པ། ཡུལ་ཤུལ་གསར་པ། འཚོ་བ་གསར་པ།】 ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བར་དུ་རྗེས་སུ་མི་ལུས་པ།

འདི་ནི་ཕྱར་བ་གྲུ་འདེགས་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ལྷག་བསམ་གྱིསྟོབས་ཤུགས་རེད།

སླར་གསོ་བསྐྱར་སྐྲུན་ནི་འགོ་ཚུགས་ས་གསར་པ་ཙམ་ཡིན། སྡོད་ཁང་གསར་པའི་ནང་སྡོད་པར་ད་དུང་གནོད་ཐེབས་ས་ཁུལ་མང་ཚོགས་ལ་འཚོ་བ་ཡག་པོ་སྐྱེལ་དུ་བཅུག་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་ནས་རྗེས་སུ་མི་ལུས་པ་བྱེད་དགོས།

དུས་རབས་གསར་པར་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་མཛུབ་ཁྲིད་འོག་གི་གནོད་ཐེབས་ས་ཁུལ་དར་རྒྱས་གོང་འཕེལ་དེ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་སྐྱོད་བཞིན་ཡོད།

གྲངས་གཞི་ལས་མངོན་པ་ལྟར། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས། ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར492.03ཟིན་ལ། 2011ལོའི་སྒོར་དུང་ཕྱུར40.2ནས2019ལོའི་སྒོར་དུང་ཕྱུར59.8བར་འཕར་ཡོད་པ་རེད། ཡུལ་ཤུལ་གྲོང་ཁྱེར་དང་ཁྲི་འདུ་རྫོང་གིས་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བདེ་བླག་ངང་ལེགས་གྲུབ་བྱུང་ནས། ཞིང་ཆེན་ཡོངས་ལ་ཤིན་ཏུ་དབུལ་པོ་རྫོང་གི་གྲལ་ནས་ཕྱིར་འཐེན་བྱས་པ་ཁྱབ་སྒྲོག་བྱས་པ་རེད། ནང་ཆེན། རྫ་སྟོད། འབྲི་སྟོད། ཆུ་དམར་ལེབ་བཅས་རྫོང་དབུལ་པོ4དང་། གྲོང་ཚོ་དབུལ་པོ16། མི་འབོར་དབུལ་པོ་ཁྲི2.57བཅས་དབུལ་ཞྭ་ཕུད་པའི་ཚད་གཞིར་ལོངས་ནས། ཡུལ་ཤུལ་ཁུལ་གྱི་དབུལ་པོ་དབུལ་རྐྱང་གི་དམིགས་ཚད་མངོན་འགྱུར་བྱུང་ནས་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསླེབ་ཐུབ་པ་རེད།

ལོ10ཡི་རིང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར20བཏང་ནས་མཐོ་རིམ་སློབ་འབྲིང་དཀྱུས་མ་དང་། འོས་འགན་སློབ་གསོ་འཛུགས་སྐྲུན། སློབ་ཞུགས་སྔོན་གྱི་སློབ་གསོ། སློབ་གསོ་དེང་རབས་ཅན་གྱི་ལས་གཞི་བཅས་ལག་བསྟར་བྱས་ཏེ། དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་གསོ་དང་སློབ་ཞུགས་སྔོན་གྱི་སློབ་གསོའི་ཞན་ཆ་གསབ་ཅི་་ཐུབ་བྱས་ཡོད། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏང་རྒྱུ་མཐའ་འཁྱོངས་བྱས་ནས་དམའ་རིམ་དང་མཐོ་རིམ་སློབ་འབྲིང7གསར་དུ་བསྐྲུན་པ་དང་། ཡུལ་གཞན་སློབ་སྒྲུབ་ཀྱི་སྲིད་ཇུས་ལྟར་མཚོ་ཤར་གྲོང་ཁྱེར་དུ་མཐོ་རིམ་སློབ་འབྲིང1གསར་སྐྲུན་བྱས་པས། དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་ཐོན་ཁུངས་དཀོན་པའི་དཀའམ་གནད་སེལ་་ཡོད། ཐོག་མའི་སློབ་རིམ་འཕར་ཚད32%ནས98%བར་མཐོ་རུ་ཕྱིན་པ། བུ་བཅོལ་ཁང151བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་བུ་བཅོལ་ཁང་དུ་ཞུགས་ཚད3.5%ནས68%བར་མཐོ་རུ་ཕྱིན་པ། འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད90.2%ནས96.1%བར་མཐོ་རུ་ཕྱིན་ཡོད། གཞི་ཁྱོན་ཆེ་བའི་ཡུལ་གཞན་དུ་སློབ་གཉེར་བྱེད་པའི་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་ཤིང་། སློབ་མ7073པེ་ཅིན་དང་། ལེའོ་ཉིང་། སི་ཁྲོན། ཧུའུ་པེ་སོགས་སུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་ཡུལ་གཞན་དུ་སློབ་སྦྱོང་བྱེད་མཁན་མཐོ་རིམ་སློབ་འབྲིང་སློབ་མའི་ཕྱེད་ཀ་བཟུང་ཡོད། 2019ལོར་ཞིང་ཆེན་ཡོངས་ཀྱི“དམངས་རྒྱུགས་དམངས་སྤྲོད་པའི”རིག་རྩིས་ཚན་གྱིས་ཡུལ་ཤུལ་གྱི་མཐོ་རྒྱུགས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པར་ཞིང་ཆེན་ཕྱི་ནང་གི་སྨྱན་སྦྱོར་གྱིས་ཚད་མཐོའི་དོ་ཁུར་བྱས་པ་དང་། མི་རིགས་སློབ་གསོའི་ཁུལ་ཆེན་རིམ་བཞིན་མི་རིགས་སློབ་གསོའི་སྟོབས་ཆེའི་ཁུལ་གྱི་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།

ལོ་བཅུའི་རིང་འབད་བརྩོན་ལྷོད་མེད་བྱས་ཏེ་ཡུལ་ཤུལ་སླར་གསོ་བསྐྱར་སྐྲུན་གྱི་ངོ་མཚར་ཆེ་བའི་ལེའུ་བརྩམས་ཡོད། ད་ལྟའི་ཆར། ཡུལ་ཤུལ་གྱི་ས་གཞི་ཆེན་མོར་ཕུགས་འདུན་མངོན་འགྱུར་དང་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།