【དུས་རབས་གསར་པ། ཡུལ་ཤུལ་གསར་པ། འཚོ་བ་གསར་པ།】 ཡུལ་ཤུལ་གྱི་ལོ་བཅུས་མཚོ་སྔོན་གསར་པའི་སྙིང་སྟོབས་མཚོན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། སླར་གསོ་བསྐྱར་སྐྲུན་ལས་མཚོ་སྔོན་གསར་པའི་སྙིང་སྟོབས་མངོན་པ། ཡུལ་ཤུལ་དུ་ས་ཡོམ་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཕྲལ་ཐག་ཆོད་པོས་ཁ་གཏད་རོགས་སྐྱོར་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་ནས། 《ས་ཡོམ་རྗེས་ཀྱི་ཡུལ་ཤུལསླར་གསོ་བསྐྱར་སྐྲུན་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་། 《ཡུལ་ཤུལ་གྱི་ས་ཡོམ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྲིད་ཇུས་བྱེད་ཐབས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཏོན་པ་རེད།

ས་ཡོམ་བྱུང་རྗེས་ཀྱི་ཟླ་བ་གཉིས་མ་འགོར་བར《ཡུལ་ཤུལ་གྱི་ས་ཡོམ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད》བཟོས་ནས་ཁྱབ་སྒྲོག་བྱས་པ་དང་། “ལོ་གསུམ་གྱི་དུས་ཚོད་སྤྱད་དེ་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་གཙོ་བོ་སྤྱིར་ན་ལེགས་གྲུབ་ཟིན་པ་དང་གནོད་ཐེབས་ས་ཁུལ་གྱི་གཞི་རྩའི་ཐོན་སྐྱེད་དང་། འཚོ་བའི་ཆ་རྐྱེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་སླར་གསོ་ཐུབ་པ་མ་ཟད་གེགས་བར་མ་བྱུང་གོང་གི་ཆུ་ཚད་ལས་བརྒལ་ཡོད་པ་རེད། “ཡུལ་ཤུལ་ཁུལ་སྲིད་གཞུང་གནས་ཡུལ་སྐྱེ་རྒུ་གྲོང་རྡལ་དེ་བཀོད་པ་ལུགས་མཐུན་དང་། ནུས་པ་ཆ་ཚང་། སྒྲིག་བཀོད་འཐུས་ཚང་། ཁྱད་ཆོས་མངོན་གསལ། ཁོར་ཡུག་མཛེས་པ་བཅས་ཀྱི་ས་མཐོའི་སྣོད་བཅུད་རྣམ་པའི་ཚོང་དོན་ཡུལ་སྐོར་གྲོང་ཁྱེར་དང་། གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར། མཚོ་སྔོན་བོད་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་སྔོན་སྐྱོད་ས་ཁུལ་བཅས་སུ་བསྐྲུན་དགོས”ཞེས་བཏོན་པ་རེད།

དུས་རབས་གསར་པར་གོམ་ཁ་སྤོ་བ།། ལམ་བུ་གསར་པར་རྡོག་པ་འཇོག་པ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྙིང་སྟོབས་གསར་པ་ཡོད་དགོས།

མཐོ་ས་ནས་རྒྱང་ལྟ། རང་རློམ་དང་ཁོང་ཡང། མཐུན་སྒྲིལ་ལེགས་འབུལ། འབད་འཐབ་ལྷོད་མེད་བཅས་བྱ་དགོས།

འདི་ནི་རང་སྟོབས་རང་སྤེལ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་འབད་འཐབ་ཀྱི་སྟོབས་ཤུགས་ཡིན།

ལོ་ཤས་རིང་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཇུས་གཞི་བཏོན་ནས་འཆར་འགོད་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ“འཆར་གཞི་ཞིག་གྲོང་ཁྱེར་ཞིག་ཏུ་སླེབས་པའི”བསྐྱར་གསོན་རྣམ་པ་བཏོད་པ། ཡུལ་ཤུལ་གྱི་དམིགས་བསལ་དཀའ་ངལ་གྱི་ཆ་རྐྱེན་ལ་དམིགས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཁབ་ཀྱིས་མ་དངུལ་གཏོང་བ་དང་། རོགས་སྐྲུན་བྱེད་མཁན་ཕྱོགས་ཀྱིས་བསྐྱར་སྐྲུན་བྱེད་པ། ས་གནས་ཀྱིས་ཞབས་ཞུ་འགན་ལེན་བྱེད་པའི”དམིགས་བསལ་གྱི་རོགས་སྐྲུན་བྱེད་སྟངས་གཏན་འཁེལ་བྱས་ནས་པེ་ཅིན་གྲོང་ཁྱེར་དང་། ལེའོ་ཉིང་ཞིང་ཆེན། ཀྲུང་གོ་འཛུགས་སྐྲུན། ཀྲུང་གོ་ལྕགས་ལམ་བཟོ་པ། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་བཅས་ཀྲུང་དབྱང་ཁེ་ལས4དང་དེ་བཞིན་དཔུང་སྡེས་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་པ་རེད།

2010ལོའི་ཟླ6པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་རྒུད་སྐྱོབ་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཟི་ལིང་དུ་མཚོ་སྔོན་ཡུལ་ཤུལ་གྱི་ས་ཡོམ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་བྱ་བའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡུལ་ཤུལ་ས་ཡོམ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་མཐུན་སྦྱོར་ཚོགས་ཆུང་འཛུགས་རྒྱུ་ཁྱབ་སྒྲོག་བྱས་ནས་གནད་དོན་གལ་ཆེན་མཐུན་སྦྱོར་དང་བསྐྱར་སྐྲུན་འཆར་འགོད་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱས་པ་རེད། ཡུལ་ཤུལ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་ཁ་གཏད་རོགས་སྐྲུན་བྱ་བར་དུས་ཐོག་དང་། ཚན་རིག ཕྱོགས་ཡོངས། ནུས་ལྡན་བཅས་ཀྱི་བཀོད་སྒྲིག་བྱས་པ་རེད།

ཡུལ་ཤུལ་ཡོམ་རྗེས་ཀྱི་ལོ་བཅུའི་ནང་། དེ་རིང་མི་རྣམས་ཀྱིས་དཀའ་སྤྱད་ཚད་མེད་ཀྱི་ལོ་གསུམ་ལ་ཕྱིར་བལྟ་ཞིག་བྱས་ཚེ། དངོས་ནས་སེམས་སྐྱོ་བ་ཞིག་ཡིན་རྒྱུ་རེད། ཐག་རིང་ལུང་ཁུག་དང་ཆ་རྐྱེན་ལ་ཚད་བཀག་ཆེ་བའི་མཚོ་བོད་ས་མཐོའི་དབུས་སུ་གནས་པའི་ས་ཆར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་གོང་འོག་གི་སྣེ་ཁྲིད་དེ་རྒྱུན་ཆད་མེད་པར་འགག་སྒྲོལ་དཀའ་སེལ་གྱིས་སྒྲིག་འཛུགས་ལག་བསྟར་བྱས་པའི་བརྗིད་ཆེའི་རི་ཀླུང་གི་གེགས་རྗེས་བསྐྱར་སྐྲུན་བྱས་པ་རེད།

ས་ཡོམ་གྱི་གནོད་འཚེ་བྱུང་བས་ཡུལ་ཤུལ་་བསྐྱར་སྐྲུན་གྱི་ཆ་རྐྱེན་ཞན་པ་དང་། དཀའ་ངལ་མང་བ། གནས་ཚུལ་རྙོག་འཛིང་ཆེ་བ་བཅས་ནི་དངོས་འབྲེལ་ཧ་ལས་པ་་ཞིག་རེད། ད་ལྟའི་ཆར། གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་དེ་མི་རིགས་ཀྱི་ཁྱད་ཆོས་དང་། དུས་རབས་ཀྱི་ཁྱད་ཆོས། ས་ཁོངས་ཀྱི་རྣམ་པ་བཅས་མཚོན་ཆེ་ཤོས་ཀྱི་བཀྲག་མདངས་འཚེར་སར་གྱུར་ནས་གནོད་ཐེབས་ས་ཁུལ་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།