ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་60 ཚུན་དང་། ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ30ཚུན་ལ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཚད་དེ་རྒྱལ་ཡོངས་དང་འདྲ་བར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད།

ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ཡིན་པ་མཐའ་འཁྱོངས་བྱས་ཤིང་། རྒྱལ་ཁབ་ཀྱི་རོགས་སྐྱོར་དང་། འཕེལ་རྒྱས་ཆེ་བའི་ས་ཁུལ་གྱིས་རྒྱབ་སྐྱོར་དང་མི་རིགས་ས་ཁུལ་གྱིས་རང་སྟོབས་རང་སྤེལ་ཟུང་འབྲེལ་གྱིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་དང་། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་བསམ་བློའི་ཀུན་སྤྱོད་ཀྱི་བྱང་ཚད་དང་། ཚན་རིག་དང་རིག་གནས་ཀྱི་བྱང་ཚད། ལུས་ཁམས་བདེ་ཐང་གི་བྱང་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ། མི་རིགས་ས་ཁུལ་གྱི་རྣམ་པ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། འདི་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་བྱས་པའི་གྲུབ་འབྲས་གལ་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་རྒྱལ་ཁ་རླབས་པོ་ཆེ་ཞིག་ཡིན་ལ། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ལས་དོན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་ཞིག་ཀྱང་རེད།

ལོ་ངོ60རིང་འདི་ནི་མི་རིག་ས་ཁུལ་གྱི་དཔལ་འབྱོར་གྱི་དངོས་ཤུགས་ཆེས་ཆེར་འཕེལ་བའི་དུས་རིམ་ཞིག་ཡིན། སྔོན་མར་མི་རྣམས་ལ་མི་རིགས་ས་ཁུལ་གླེང་བ་ཙམ་གྱིས་ནས་སེམས་ལ་འཁོར་ཡོང་བ་ནི“བྲེལ་འཚུབ་ཀྱི་རྨོ་འདེབས”དང་། " འཕྲང་ལམ་དོག་པོ" “ མིས་ཁུར་ཟོག་བཀལ”སོགས་ཡིན་མོད། འོན་ཀྱང་དུས་རབས་ཕྱེད་ཀའི་རིང་ཙམ་ལ་མི་རིགས་ས་ཁུལ་གྱི་རྗེས་ལུས་དབུལ་ཕོངས་ཀྱི་རྣམ་པ་རྩ་བའི་ཆ་ནས་འགྱུར་ལྡོག་བཏང་བ་རེད། 2008ལོར་མི་རིགས་ས་ཁུལ་གྱི་GDP སྒོར་དུང་ཕྱུར་30626 ལ་སླེབས། རིན་གོང་ལྟར་བརྩིས་ན་1978 ལོ་ལས་ལྡབ་17.4 འཕར་བ་དང་། 1952ལོ་ལས་ལྡབ་92.5 འཕར་ཡོད། ནན་ནིང་ནས་ཁུན་རྨིན་བར་གྱི་ལྕགས་ལམ་དང་ནན་ཅང་ལྕགས་ལམ། མཚོ་བོད་ལྕགས་ལམ། ནུབ་རླངས་ཤར་འདྲེན། ནུབ་གློག་ཤར་སྐྱེལ་སོགས་གལ་ཆེའི་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་། མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཀྱི་ཕྱོགས་རྣམ་པ་གསར་པར་གྱུར་ཡོད་པ་རེད། ཤིན་ཅང་ལ་མཚོན་ན་སྔོན་ཆད་ལྕགས་ལམ་ཚུན་གང་མེད་པ་ནས་ལྕགས་ལམ་འཁོར་རྒྱུག་གི་རིང་ཚད་སྤྱི་ལེ་3000ལྷག་ཡོད་པར་བྱས་ལ། བཟོ་ལྟ་ཅན་གྱི་བཟོ་གཏེར་ཁེ་ལས་གཅིག་ཀྱང་མེད་པ་ནས་སྔ་རྗེས་སུ་ལིའུ་ཏའོ་ཝན་མཐོངས་ཡངས་རྡོ་སོལ་གཏེར་ཁ་དང་། ཝུའུ་ལ་པོ་ཆུ་གློག་ས་ཚིགས། ཁེ་ལ་མ་དབྱི་སྣུམ་ཞིང་སོགས་ཁེ་ལས་ཆེ་གྲས་ཁག་ཅིག་བཙུགས་པ་རེད། བོད་ལྗོངས་ཀྱི་སྤྱི་ཚོགས་རྙིང་པར་གཞུང་ལམ་གཅིག་ཀྱང་མེད་པ་ནས་ད་ལྟ་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི5.13ལ་ཟིན་ཅིང་། རྫོང་དང་རྫོང་བར་གྱི་གཞུང་ལམ་ཕལ་ཆེར་ཤར་གཏོང་མངོན་འགྱུར་བྱུང་ཡོད། ད་ལྟ་མི་རིགས་ས་ཁུལ་ཁག་ནི་རང་རྒྱལ་གྱི་ཞིང་ཕྱུགས་ལས་ཐོན་རྫསདང་བཟོ་ལས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་དང་། ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གནད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། རྒྱལ་ཁབ་ཕྱི་ནང་ཀུན་ནས་སྨོན་པ་བྱེད་སའི་ཡུལ་སྐོར་གནས་མཆོག་ཏུ་ཆགས་ཡོད་པ་རེད།

ལོ་ངོ་60རིང་འདི་ནི་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བྱ་གཞག་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་པའི་དུས་རིམ་ཞིག་ཡིན། སྔོན་ཆད་མི་རིགས་ས་ཁུལ་དུ་ཕལ་ཆེར་དེང་རབས་ཀྱི་སློབ་གྲྭ་ཞེས་པའི་མཚན་ཉིད་ཚང་བའི་སློབ་གྲྭ་མེད་ལ། ཡིག་རྨོངས་ཀྱི་གྲངས་ཚད་ཤིན་ཏུ་མཐོ་བ་རེད། ད་ལྟ་མི་རིགས་ས་ཁུལ་དུ་སློབ་གྲྭ་འདྲ་མིན72711 དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི་3450.3ཡོད་པ་དེས་ལོ་དགུ་འོས་འགན་སློབ་གསོ་གཞི་རྩའི་ཐོག་ཁྱབ་གདལ་བྱུང་བ་དང་ན་གཞོན་དར་མའི་ཡིག་རྨོངས་ཕལ་ཆེར་སེལ་ཐུབ་པར་བྱུང་ཡོད། གྲངས་ཉུང་མི་རིགས་ཀྱི་སློབ་ཆེན་སློབ་མ་ཁྲི་115.35 ཡོད་ལ་། 1950ལོ་ལས་ལྡབ་886འཕར་སྣོན་བྱུང་བ་དང་། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭར་ཡོད་པའི་སློབ་མ་ལས་བརྒྱ་ཆ་7.14ཟིན་ཡོད། མི་རིགས་ས་ཁུལ་གྱི་རིག་གནས་སྒྲིག་བཀོད་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱུང་བ་དང་། མི་དམངས་མང་ཚོགས་ཀྱི་བསམ་བློ་རིག་གནས་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་གྱུར་ཅིང་། རྩ་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་མང་པོ་མྱུར་སྐྱོབ་དང་། སྔོག་འདོན། ལེགས་སྒྲིག་ཡག་པོ་བྱུང་ཡོད། རླུང་འཕྲིན་དང་བརྙན་འཕྲིན་གྱི་ཁེབས་ཚད་སོ་སོ་བརྒྱ་ཆ་85 དང་བརྒྱ་ཆ་90 ལས་བརྒལ་བར་ཟིན། མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ཡར་རྒྱས་ཆེན་པོ་བྱུང་སྟེ། སྨན་བཅོས་འཕྲོད་བསྟེན་ཚན་པ་ཁྲི་ཚོ་4.7 ཏུ་གྱུར་ཡོད་པ་དང་། ནད་པའི་ཉལ་ཁྲི་ཁྲི་ཚོ་45.8དང་། འཕྲོད་བསྟེན་ལག་རྩལ་མི་སྣ་མི་ཁྲི་ཚོ་57.9 ཟིན། དེ་དག་ཚང་མ་1978 ལོ་ལས་ལྡབ་1 ལ་ཉེ་བ་འཕར་སྣོན་བྱུང་ཡོད་པ་དང་། རྣམ་པ་གསར་པའི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ་དང་། ཡུལ་ནད་དང་རིམས་ནད་ཚོད་འཛིན་ལེགས་པོར་ཐུབ་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་གི་ཆུ་ཚད་རིམ་བཞིན་ཇེ་མཐོ་རུ་བཏང་ཡོད།

ལོ་ངོ་60རིང་འདི་ནི་མི་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་གཞི་རྩའི་ཐོག་ལེགས་སྒྱུར་ཐོབ་པའི་ལོ་60ཡིན། གཞི་ཁྱོན་ཆེ་བའི་དབུལ་ཕོངས་ནས་ལྟོ་གོས་གཉིས་འཛོམས་དང་། དེ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་དུ་སླེབས་པའི་བར་དུ་མི་རིགས་ས་ཁུལ་གྱི་མི་དམངས་ཀྱི་འཚོ་བར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། 2008ལོར་མི་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་ཀྱི་སྤྱོད་ཆོག་པའི་ཡོངས་འབབ་དེ་1978ལོའི་སྒོར་307ནས་སྒོར་13170འཕར་བ་དང་། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ཁེར་གཙང་དེ་1978 ལོའི་སྒོར་138 ནས་སྒོར་3389 འཕར་སྣོན་བྱུང་ཡོད། 2008ལོར་མི་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་1978ལོའི་སྒོར་307ནས་སྒོར་13170དང་། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་1978ལོའི་སྒོར་138ན་པ་ནས་སྒོར་3389ལ་འཕར་སྣོན་བྱུང་། སྔོན་ཆད་འབྲོག་དམངས་རྩྭ་སར་བརྟེན་ནས་གནས་བཅའ་བ་དང་། ད་ལྟར་གཞིས་ཆགས་ནས་བརྟན་ཆགས་ཀྱི་བདེ་ཞིང་སྐྱིད་པའི་འཚོ་བ་གསར་པ་རོལ་འགོ་ཚུགས་ཡོད། དེའི་ནང་བོད་ཀྱི་མི་གྲངས་ཀྱིས་མི་གྲངས་བསྡོམས་འབོར་ལས་བརྒྱ་ཆ་92ཡན་ཟིན་པ་དང་། ཕྲུ་གུ་སྐྱེས་འབོར་བརྒྱ་ཆ་1.74 དང་། ཤི་ཚད་བརྒྱ་ཆ་0.57རང་ཤུགས་སུ་འཕར་ཚད་བརྒྱ་ཆ་1.17 བཅས་ཟིན་ཡོད་དོ།།

ལོ་ངོ་60རིང་འདི་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་བའི་ལོ་60 ཡིན། “ སེམས་པ་མཐུན་ན་གཡུར་ཟའི་འབྲས་བུ་སྨིན། ” ཞེས་པ་ལྟར། ལོ་ངོ་60རིང་ལ་རང་རྒྱལ་གྱི་མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལ་སྐུལ་སྤེལ་ཏན་ཏིག་ཐོབ་པ་དང་། ཁྲིམས་ལུགས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་ཅིང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཏུ་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་ཐུབ་པར་བྱུང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་དེ་སྤྱི་ཚོགས་ཡོངས་སུ་རྒྱ་ཁྱབ་ཏུ་སྤེལ་ནས། མི་རིགས་མཐུན་སྒྲིལ་གྱི་ལྟ་ཚུལ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་ནང་རྩ་བ་བརྟན་པོ་ཚུགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གང་སར་ལྷུག་པར་བཞད། མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་འཚོ་བའི་ཁྲོད་བདེ་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་འབྲེལ། དགའ་ཞེན་གཙིགས་ཆེན།  ཕན་ཚུན་སློབ་སྦྱོང༌། ཕན་ཚུན་རོགས་རམ། ཞི་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ཡོད། གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་ཏན་ཏིག་དང་། “ ཁ་འབྲལ་ཐབས་མེད་པ་གསུམ” གྱི་བསམ་བློ་ཉིན་རེ་བཞིན་མི་སེམས་སུ་ཟུག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སེམས་ཤུགས་སྔར་བས་ཇེ་ཆེར་སོང་བ་དང་། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་གོང་བུར་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས་བསྟུད་མར་ཆེ་རུ་སོང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་བཞི་སྐོང་ཚོགས་གནང་བ་དང་། མི་རིགས་56གི་སྔོན་ཐོན་ཚོགས་པ་དང་མི་སྒེ་4000ལྷག་ལ་གཟེངས་བསྟོད་བྱིན་པ་དང་། སྤྱི་ཚོགས་ཡོངས་སུ་གུང་ཁྲན་ཏང་ཡག་པོ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། བསྒྱུར་བཅོས་སྒོ་དབྱེ་ཡག་པ། མི་རིགས་ཁག་གི་མི་དམངས་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ། མི་རིགས་མཐུན་སྒྲིལ་ཡག་པ་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་མཚོན་པའི་ཁ་གཡང་གིས་ཁྱབ་ཐུབ་པ་བྱུང་།

འདས་ཟིན་པའི་ལོ་ངོ་60རིང་ལ་ཕྱི་མིག་ཅིག་བལྟས་ན། མི་རིགས་ས་ཁུལ་རྗེས་ལུས་ནས་ཡར་ཐོན་དང་། དབུལ་ཕོངས་ནས་ཕྱུག་པོ། བཀག་རྒྱ་ནས་སྒོ་འབྱེད་བཅས་ཡིན་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་བརྒྱུད་མྱོང་བྱས་ཤིང་། རང་རྒྱལ་གྱི་མི་རིགས་ས་ཁུལ་ཁག་ལ་འདི་འདྲའི་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་བྱུང་མ་མྱོང་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འདི་འདྲའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་བྱུང་མ་མྱོང་། ཀྲུང་ཧྭ་མི་རིགས་དེ་རིང་འདི་འདྲའི་སྤོབས་ཉམས་རྒྱས་པོས་འཛམ་གླིང་གི་ཤར་ཕྱོགས་ན་འགྱིང་མ་མྱོང་། ལོ་ངོ་60རིང་གི་གྲུབ་འབྲས་ནི་འོད་སྟོང་ལྡན་པ་དང་། ལོ་ངོ་60རིང་གི་ཉམས་མྱོང་ནི་ཤིན་ཏུ་རྩ་ཆེན་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་དེ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་ན། ཉེན་ཁ་གང་འདྲ་ཞིག་དང་། ཕྱིའི་སྟོབས་ཤུགས་གང་འདྲ་ཞིག་གིས་མཐུན་སྒྲིལ་དམ་པོར་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཁག་གི་བུ་ཕྲུག་རྣམས་བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོར་བཀག་འགོག་བྱེད་མི་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་མདུན་ལྗོངས་ནི་སྔར་བས་འོད་སྟོང་ལྡན་ངེས་ཡིན་ནོ།།

ལོ་ཙཱ་བ།རྟ་མགྲིན་དཔལ།