ཁབ་སོ་ནང་པའི་ཁྲིམས།

ཁབ་སོ་ནང་པའི་ཁྲིམས།

སྲོང་བཙན་སྒམ་པོས་བོད་དུ་ལག་བསྟར་བྱས་པའི་ཁྲིམས་ཡིག་དྲུག་པ་སྟེ་བདེན་རྫུན་དབྱེ་འབྱེད་སྐབས་གཉིས་ཀ་བདེན་ན་གཉིས་ཀ་བདེན་དང་དགའ་གསུམ་དུ་གཅོད་པ་སྟེ། ཁྲིམས་ཁང་ནང་དུ་ཞུ་གཏུགས་བྱེད་མཁན་ཕྱོགས་གཉིས་ཀར་བདེན་པ་ཡོད་ན་ཕྱོགས་གཉིས་ཀས་ཁེ་གྱོང་འདྲ་མཉམ་ཁུར་རྒྱུར་ཐག་གཅོད་པ་ལ་ཟེར་ཞིང་། ཐག་གཅོད་དེ་ལྟར་བྱས་པ་དེས་ཕྱོགས་གཉིས་ཀའི་འདོད་པ་ཚིམ་ཐུབ་པ་མ་ཟད། ཐག་གཅོད་བྱེད་མཁན་གྱི་འདོད་པ་ཡང་ཚིམ་ཐུབ་པར་བརྟེན། དེ་ལ་གཉིས་བདེན་དགའ་གསུམ་ཟེར།

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།内库家法

ཡོང་ཁུངས།ཁོད་སོ་དྲུག

དཀར་ཆག

1 ངོ་སྤྲོད།

1 ངོ་སྤྲོད།

ཁབ་སོ་ནང་པའི་ཁྲིམས་ནི། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། གཉིས་ཀ་བདེན་ན་རིགས་གཉིས་པ་ལྟར་བཅད།། ཅེས་དང་། གཉིས་ཀ་བདེན་ན་ཁྱིམ་བདག་ཞིག་གི་བུ་སྐྱེས་མ་ཐག་ཏུ་ཆུར་ལྷུང་བ་ཉ་ཞིག་གིས་མིད་པ། རིའི་འོག་ན་གནས་པའི་ཁྱིམ་བདག་གཞན་ཞིག་གི་གཡོག་གིས་ཉ་དེ་ཟིན་ནས་བཤས་པས་ཁྱེའུ་ཞིག་མ་ཤི་བར་བྱུང་བ་ཁྱིམ་བདག་དེས་བུར་གསོས་པ་ཁྱིམ་བདག་གོང་མས་ཐོས་ནས་བརྩད་དེ་རྒྱལ་པོ་ལ་ཞལ་གྱི་ཞུས་པས། གཉིས་ཀས་ཁྱེའུ་རེས་མོས་སུ་གསོས་ལ་བུད་མེད་རེ་རེ་ལོང་། བུ་བྱུང་ན་ཁྱིམ་བདག་སོ་སོས་ཁྱེར་ཅིག་ཅེས་བྱུང་ནས་ཁྱེའུ་རིགས་གཉིས་པར་མིང་ཆགས། བུ་རེ་རེ་སོ་སོས་ཁྱེར། ཕྱིས་རབ་ཏུ་བྱུང་བ་དགེ་སློང་རིགས་གཉིས་པར་གྲགས་པ་དེ་ལ་དཔེ་བླངས་ནས་གཉིས་བདེན་དང་དགའ་གསུམ་དུ་གཅོད་པ་ཁབ་སོ་ནང་པའི་ཁྲིམས་ཡིག་ཏུ་གྲགས་སྐད། ཅེས་པའི་གཏན་རྒྱུད་ལ་དཔེ་བླངས་ནས་ཕྱོགས་གཉིས་ཀ་ལ་བདེན་དོན་ཡོད་ན་དེ་ལུགས་ཀྱི་ཁྲིམས་གཅོད་ཚུལ་གཏན་ལ་ཕབ་པ་ཞིག་རེད།

དཔྱད་གཞིའི་ཡིག་ཆ།

1 བསོད་ནམས་ཚེ་རིང་གིས་རྩོམ་སྒྲིག་བྱས་པའི 《སྔ་རབས་བོད་ཀྱི་སྲིད་ཁྲིམས》 མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ3པའི་པར་ཐེངས་གཉིས་པ། ཤོག་གྲངས24-38ན་གསལ།

2 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིགས་དཔེ་སྐྲུན་ཁང་། 2002ལོའི་ཟླ4པའི་དཔར་ཐེངས་དང་པོ། ཤོག་ངོས300ན་གསལ།