དུར་ལམ་རྫོང་མི་དམངས་ཁྲིམས་ཁང་ལ་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་ཆར། རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་དུར་ལམ་རྫོང་མི་དམངས་ཁྲིམས་ཁང་ལ། “རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་ཐུན་མོང”གི་མཚན་སྙན་ཐོབ་པ་རེད།

ཉེ་བའི་ལོ་ཤས་རིང་དུ། དུར་ལམ་རྫོང་མི་དམངས་ཁྲིམས་ཁང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་བཙུགས་ནས་བུད་མེད་དང་བྱིས་པར་ཞབས་འདེགས་ཞུ་བ་དང་། བུད་མེད་དང་བྱིས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་རྒྱབ་རྟེན་བརྟན་པོ་བཅས་བྱས་ཏེ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད་པ་རེད། སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་རང་འགུལ་གྱི་འདུ་ཤེས་ཤིག་ཏུ་བརྩིས་ནས། ཁྱིམ་ལས་འདྲི་གཅོད་བྱེད་རིང་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ་བསྙེན་བཀུར་དང་། གསོ་སྐྱོང་། རྒྱུན་འཛིན། ཁྱིམ་ཚང་གི་གཏུམ་སྤྱོད་བཅས་དང་། དེ་བཞིན་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་དང་འབྲེལ་བ་ཡོད་པའི་གྱོད་གཞི་སྣ་ཚོགས་ལ་བགྲོད་ལམ་སྟབས་བདེ་གཏོད་པ་དང་། ཁེ་དབང་སྲུང་སྐྱོང་གི་དཔེ་སྟོན་ལས་གནས་བཙུགས་ནས་བུད་མེད་དང་བྱིས་པའི་གྱོད་གཞི་མགྱོགས་མྱུར་འཛུགས་པ་དང་། མགྱོགས་མྱུར་འདྲི་ཞིབ། མགྱོགས་མྱུར་ཐག་གཅོད་བཅས་བྱས་པ་རེད། དེ་དང་ཆབས་ཅིག་ཏུ། བཅའ་སྡོད་ཁྲུན་ཐག་བཅད་ནས་རང་འགུལ་ངང་བར་འདུམ་ལ་ཐེ་གཏོགས་བྱེད་པ་དང་། རྒྱུ་ནོར་གཙོ་བོར་འཛིན་པ་ནས་ཁྱོ་ཤུག་ཁྱིམ་ཚང་གི་བརྩེ་དུངས་གཙོ་བོར་འཛིན་པ། འདྲི་གཅོད་ཚད་བཀག་ནས་དུས་ཚོད་གཙོ་བོར་འཛིན་པའི་བར་གྱི་བཅའ་ཁྲིམས་ཡག་པོ་བཟོས་ནས། འདུམ་འགྲིག་སྔོན་ལ་བྱེད་པའི་རྩ་དོན་དོན་འཁྱོལ་ནན་པོ་བྱས་ཏེ་ཁ་ཏ་སློབ་སྟོན་དང་། སྐྱོན་བརྗོད། སེམས་གཏམ་བཤད་པ། སློབ་གསོ་བཅས་ཟུང་འབྲེལ་བྱས་པ་བརྒྱུད། ཁྱིམ་ལས་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།