རང་ཞིང་གིས་མ་དངུལ་སྒོར་དུང་ཕྱུར9བརྩོན་ལེན་བྱས་ནས་འབྲི་ཆུ་དང་རྨ་ཆུ་ལ་སྲུང་སྐྱོབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་ཆར། ནོར་སྲིད་པུའུ་དང་བརྩོན་ལེན་དང་འབད་འཐབ་བརྒྱུད་དེ། རང་ཞིང་གིས2020ལོའི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་དགའ་དང་རྨ་ཆུའི་བཞུར་རྒྱུན་གྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་བཙོག་བཟོ་བཅོས་སྐྱོང་ཐད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར9ལག་བསྟར་བྱས་ནས། འགུལ་སྐྱོད་དངོས་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཆུ་བོའི་འབབ་རྒྱུན་མི་ཆད་པར་ཁག་ཐེག་བྱས་པ་རེད།

ཀྲུང་དབྱང་གི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྐྱེ་ཁམས་ཁ་གསབ་དང་སྲུང་སྐྱོབ་ཀྱི་ཡུན་རིང་རྐྱེན་སྲོལ་འཛུགས་པར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་རེ་བ་ལྟར། ནོར་སྲིད་པུའུ་ཡིས་པུའུ་དང་ཨུ་ཡོན་ལྷན་ཁང་བཞི་དང་མཉམ་འབྲེལ་བྱས་ནས2017ལོའི་ཚུན་དུ་བསྟུད་མར་ལོ་བཞི་ལ་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་བཀོད་སྒྲིག་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྲུང་སྐྱོབ་ཆེན་མོའི་རྣམ་པ་གྲུབ་པར་བྱེད་པའི་ཐད་བཀོལ་སྤྱོད་བྱས། མིག་སྔར་རང་ཞིང་གི་བཅད་གྲངས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར5ལག་བསྟར་བྱས་པ་དང་། དེ་གཙོ་བོར་བཞུར་རྒྱུན་སྟོད་རྨད་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་དང་ཆུའི་ཐོན་ཁུངས་སྲུང་སྐྱོབ། ཆུའི་བཙོག་བཟོ་འགོག་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་སོགས་བྱ་བའི་ཐད་བཀོལ་སྤྱོད་བྱས་པ་རེད།

རང་ཞིང་གིས་ད་དུང་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་ཁྲོད་གནས་པའི་འབུར་ཐོན་དཀའ་གནད་དང་གནད་དོན་ལ་དམིགས་ནས་འབྲེལ་ཡོད་ཀྱི་ཞིབ་འཇུག་སྤེལ་བ་མ་ཟད། ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས་ནོར་སྲིད་པུའུ་ཡིས་རྨ་ཆུའི་བཞུར་རྒྱུན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱེད་པའི་ཁྲོད་ཞུགས་སུ་བཅུག་སྟེ། མཚོ་སྔོན་གྱི་དམིགས་བསལ་རྒྱུ་རྐྱེན་དེ་བྱེ་བྲག་གི་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་རུ་བསྒྱུར། ནོར་སྲིད་པུའུ་ཡིས་སྔོན་དུ་བཀོད་སྒྲིག་བྱས་པའི2020ལོའི་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཙོག་བཟོ་བཅོས་སྐྱོང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར15ཁྲོད་ནས་སྒོར་དུང་ཕྱུར4མཚོ་སྔོན་ལ་བྱིན་པ་དང་། མ་དངུལ་གྱི་གྲངས་ཀ་དེ་ཞིང་ཆེན9ཁྲོད་ཧྲན་ཞི་དང་མཉམ་དུ་ཨང་དང་པོར་སླེབས་ནས། རྨ་ཆུའི་འགོ་ཁུངས་ཀྱི་སྲུང་སྐྱོབ་སྣ་ཚོགས་ལ་འདེགས་སྐྱོར་བཟང་པོ་བྱས་པ་རེད།

རང་ཞིང་གི་འབྲི་ཆུ་དང་རྨ་ཆུའི་བཅོས་སྐྱོང་སླར་གསོའི་ལས་འགན་དམིགས་འབེན་ལྟར། ས་བབ་དང་བསྟུན་པ་དང་རིགས་བགར་ནས་སྲིད་ཇུས་སྤྱོད་པ། རང་འགུལ་གྱིས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཁུལ། གྲོང་ཁྱེར་བར་གྱི་ཞིབ་འཇུག་བརྗེ་རེས་ལ་ཤུགས་སྣོན་པ། ཇུས་གཞི་གཏན་འབེབས་བྱེད་པ་དང་རྐྱེན་སྲོལ་འཛུགས་པ། ལས་གཞིའི་གོ་རིམ་སྒྲིག་པ། དཔྱད་ཞིབ་ནན་མོ་བྱེད་པ། ཁ་གསབ་མ་དངུལ་ལ་དོ་དམ་བཟང་པོ་བྱེད་པ་དང་བཀོལ་སྤྱོད་བཟང་པོ་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པའི་ཐད་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།