ཁོང་ཡུང“འཛམ་གླིང་ཨེ་ཙིའི་ནད་ཉིན་མོའི”དྲིལ་སྒྲོག་བྱེད་སྒོར་ཞུགས་རྗེས་སྨན་པ་དང་ནད་པར་འཚམས་འདྲིར་ཡང་ཕྱིན།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ11པའི་ཚེས29ཉིན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བསྡུས་པའི་བརྗོད་དོན་དྲིལ་སྒྲོག་ཆེན་མོའི་བྱ་འགུལ་ལ་ཞུགས་པར་མ་ཟད། ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་སོང་ནས་སྨན་པ་དང་ནད་པར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། ནད་རིགས་ཆེ་གྲས་འགོག་བཅོས་ཀྱི་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་བསྒྲུབ་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འགོག་སྲུང་བྱེད་པའི་བདེ་འཇགས་བརྟན་པོ་བསྐྲུན་ནས། བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ལ་བྱས་རྗེས་གང་ལེགས་འཇོག་དགོས་ཟེར། 

དྲིལ་སྒྲོག་བྱེད་སྒོ་སྤེལ་ཡུལ་དུ་ཁོང་ཡུང་གིས་སྡེ་ཁུལ་གྱི་འཐུས་མིར་དར་སྐུད་དམར་པོ་བསྐྲུས་ཤིང་། དུག་འགོག་དང་ཨེ་ཙེའི་ནད་སྔོན་འགོག་གི་ཁས་ལེན་ངོས་སུ་མིང་རྟགས་བཀོད་པ་རེད། ཁོས་བསྟན་དོན། རང་ཞིང་གི་ཨེ་ཙེའི་ནད་བྱུང་ཚད་ཅུང་དམའ་ནའང་། མི་ཚོགས་ཀྱི་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་བ་དང་མི་སྣ་འཁོར་རྒྱུག་རང་བཞིན་ཆེ་བ་སོགས་ཀྱིས་སྔོན་འགོག་ཚོད་འཛིན་བྱ་བར་འགྲན་སློང་ཆེན་པོ་བཟོས་ཡོད། འགོག་བཅོས་ཚན་ཁག་སོ་སོས་ལས་ཀའི་འགན་འཁྲི་གཞིར་བཟུང་ནས། ལྟ་ཞིབ་གདེང་འཇོག་དང་དྲིལ་སྒྲོག་ཐེ་གཏོགས། སྨན་བཅོས་སྐྱོབ་བཅོས། ཁྲག་བཤེར་ཚད་ལེན་སོགས་ཕྱོགས་བསྡུས་འགོག་བཅོས་བྱ་ཐབས་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་ཀྱི་རྩ་འཛུགས་དུག་འགོག་ཨེ་འགོག་ནང་ཞུགས་རྒྱུར་སྐུལ་སློང་གང་ལེགས་བྱེད་དགོས་ཟེར།

ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས། ཁོང་ཡུང་གིས་ཨེ་འགོག་སྨན་པ་དང་ནད་པར་འཚམས་འདྲི་བྱས་ཤིང་། ཁོས་ནན་གྱིས་བསྟན་དོན། སྨན་ཁང་གི་ནུས་པ་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་བཏང་ནས། འགོས་ནད་སྣ་ཚོགས་སྐྱོབ་བཅོས་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཐོལ་བྱུང་རང་བཞིན་དང་གཅིག་སྡུད་རང་བཞིན་གྱི་འགོས་ནད་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཐག་གཅོད་ཆུ་ཚད་མཐོ་རུ་གཏང་དགོས་ཤིང་། ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད་ཚད་ལེན་སོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་དགོས་ལ། བདེ་ཐང་སློབ་གསོ་དམ་འཛིན་ཡག་པོ་བྱས་ཏེ་ཨེ་ཙེའི་ནད་སྔོན་འགོག་དང་ཚོད་འཛིན། བཅོས་སྐྱོང་བཅས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས། མི་རྣམས་ལ་བྱ་སྤྱོད་དང་འཚོ་བ་སྐྱེལ་སྟངས་བཟང་པོ་ཞིག་ཆགས་རྒྱུར་ཁྲིད་སྟོན་བྱས་ཏེ་བདེ་ཐང་གི་འདུ་ཤེས་དང་འགོག་སྲུང་ནུས་པ་ཆེ་རུ་གཏང་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།