རང་ཞིང་རྒྱལ་ཁབ་སྨན་རྫས་གཅིག་སྡུད་བསྡུ་ཉོའི་མནའ་འབྲེལ་ནང་ཞུགས། ཚད་གཞི་ལྟར་ཉོ་སྒྲུབ་བྱས་པའི་སྨན་སྣའི་རིན་གོང་གཅོད་ཚད75.82%ལ་བསླེབས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་ཡོང་བའི་གནས་ཚུལ་ལྟར་ན། རང་རེའི་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི“4+7”སྨན་རྫས་གཅིག་སྡུད་ཉོ་སྒྲུབ་མནའ་འབྲེལ་ནང་སྔོན་ལ་ཞུགས་ནས་ཁྱོན་སྣ་ཁ25བསྡུ་ལེན་བྱས་ནས་ཆ་སྙོམས་རིན་གོང75.82%མར་འཕབ་རྒྱུ་རེད།

ད་ལོ་ནས་བཟུང་སྟེ། ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་ཡིས་སྨན་རྫས་ཉོ་སྒྲུབ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་། སྨན་རིན་རྫུན་མཐོར་བཙིར་གནོན་ཧུར་ཐག་བྱས་པ། ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་གི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་བེད་སྤྱོད་ལག་བསྟར་ཇུས་གཞི་བཟོས་པ། རྒྱལ་ཁབ་ཀྱི“4+7”སྨན་རྫས་གཅིག་སྡུད་ཉོ་སྒྲུབ་མནའ་འབྲེལ་ནང་སྔོན་ལ་ཞུགས་པ། ཁྱོན་སྣ་ཁ25བསྡུ་ལེན་བྱས་ནས་ཆ་སྙོམས་རིན་གོང75.82%བཅག་པ། རྒྱལ་ཁབ་ཀྱི་གཙོ་གནད་ལྟ་སྐུལ་ཚོད་འཛིན་གྱི་སྨན་རྫས་དང་རྨང་གཞིའི་སྒྲིག་ཆས་ལ་ཞིང་ཆེན་རིམ་པས་གཅིག་སྡུད་ཉོ་སྒྲུབ་བྱས་ཏེ།ཁྱོན་བསྡོམས་སྨན་སྣ74བསྡུ་ལེན་བྱས་ཤིང་ཆ་སྙོམས་རིན་གོང་བརྒྱ་ཆ55.4%མར་བཅག་ཡོད། སྨན་རྫས་དང་དེ་བཞིན་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་ཉོ་སྒྲུབ་དང་བེད་སྤྱོད་དཔྱད་ཞིབ་བྱ་ཐབས་བཟོས་ནས་སྨན་སྣ་བསྡུ་འདོན་གྱི་སྨན་རྫས་དོན་ཐོག་ཏུ་འཁྱོལ་ཞིང་ནད་པར་དངོས་ཕན་ཐོབ་པ་བྱས་ཡོད།

སྲོག་སྐྱོབ་དང་མྱུར་སྐྱོབ་ཀྱི་སྨན་བཟང་པོ་དེ་བས་མང་བ་ཞིག་སྨན་བཅོས་འགན་བཅོལ་ནང་འཇུག་ཆེད། རང་རེའི་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱིས་གྲོས་མོལ་བྱས་པའི་སྨན་རྫས་སྣ་ཁ36དང་འབྲས་སྐྲན་འགོག་པའི་སྨན་རྫས་སྣ་ཁ17སྨན་བཅོས་འགན་སྲུང་ཁྱབ་ཁོངས་ནང་བཅུག་ནས། སྨན་དང་སྨན་རྫས་སྒྲིག་གཞིས“བགྲོད་ལམ་གཉིས”ཉོ་སྒྲུབ་བེད་སྤྱོད་བྱས་པ་རེད། དེང་སྐབས་བར་དུ་ཁྱོན་བསྡོམས་མི་ཐེངས་ཁྲི2.12ལ་གྲོས་མོལ་སྨན་རྫས་ཀྱི་དམིགས་བསལ་སྨན་རྫས་སྲིད་ཇུས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱས་ཤིང་། སྨན་བཅོས་འགན་སྲུང་ཐེབས་རྩའི་གཏོང་སྤྲོད་སྒོར་ཁྲི་35.29ཟིན་ཡོད་པ་རེད།

བོད་ལུགས་གསོ་རིག་དང་བོད་སྨན་སྨན་བཅོས་འགན་སྲུང་ནང་བཅུག་ནས་རང་རེའི་ཞིང་ཆེན་གྱི་བོད་སྨན་སྣ་ཁ50རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་དཀར་ཆག་ནང་འོས་སྦྱོར་བྱས་ཤིང་། སྨན་སྣ3བདམས་པ་དང་སྨན་སྣ28ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་བོད་སྨན་ཐོན་སྐྱེད་ཀྱི25.7%ཟིན་བ་དང་། རིམ་རྩིས་བྱས་ན་བོད་སྨན་སྣ་ཁ77ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་དཀར་ཆག་ནང་བཅུག་ནས10.6%ཟིན་ཡོད་པ་རེད། རང་བཟོས་སྨན་རྫས་རིགས569དང་བོད་ལུགས་གསོ་རིག་གི་གསོ་ཐབས235སྨན་བཅོས་འགན་སྲུང་གི་དཀར་ཆག་ནང་བཅུག་ཡོད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།