2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་རྩལ་ནུས་འགྲན་སྡུར་ཆེན་མོ་སྤེལ་བ།

རང་རེའི་དྲ་བའི་འཕྲིན་ལྟར་ན། ཟླ11ཚེས30ཉིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་གཙོ་སྒྲུབ་གནང་བའི2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་རྩལ་ནུས་འགྲན་སྡུར་ཆེན་མོ་དེ་ཟི་ལིང་གྲོང་ཁྱེར་གྱི་དུས་རབས་ལག་རྩལ་སློབ་གྲྭའི་ནང་སྒོ་གླེགས་ཕྱེས། ཐེངས་འདིའི་ལས་རིགས་རྩལ་ནུས་འགྲན་སྡུར་ཆེན་མོ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འགྲན་སྡུར་ཡིན་ལ། ལོ་ངོ10ཡི་རིང་ལ་རང་ཞིང་དུ་ཆེས་ཐོག་མར་རྩ་འཛུགས་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྩལ་ནུས་འགྲན་སྡུར་ཞིག་ཀྱང་ཡིན།

ཐེངས་འདིའི་འགྲན་སྡུར་གྱིས“རྩལ་ནུས་འཇོན་ཐང་ཕྱིར་མངོན་དང་རྩལ་ནུས་འཇོན་མི་གསོ་སྐྱོང་བྱེད་པའི”བརྗོད་དོན་གཞིར་བཟུང་སྟེ། མཚོ་སྔོན་དུ་རྩལ་ནུས་འཇོན་མིར་གསབ་སྦྱོང་དང་དཔྱད་འདེམས་ངང་། རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་ངལ་རྩོལ་མཁན་གྱི་ལས་རིགས་ལས་གཏོད་དངོས་ཡོད་ལ་བརྟེན་ནས། ངར་ལྕགས་ཚ་ལ་བྱེད་པ་དང་རླངས་འཁོར་ལག་རྩལ། གློག་ཆས་སྒྲིག་འཇུག གཞི་གྲངས་ཚོད་འཛིན་རླངས་འཁོར། གསོལ་ཚིགས་ཞབས་ཞུ། མགྲོན་ཁང་གི་ཞབས་ཞུ་པ། ཟ་མ་གཡོས་སྦྱོར། མཛེས་སྤྲས་སོགས་རྒྱུག་ཆེ་བའི་ལས་རིགས་དེ་འགྲན་སྡུར་གྱི་ལས་གཞིའི་ཁྲོད་བཞག་ཡོད། འགྲན་སྡུར་ལ་སློབ་མའི་ཚན་ཆུང་དང་དགེ་རྒན་ཚན་ཆུང་། ལས་བཟོ་པའི་ཚན་ཆུང་བཅས་ཚན་ཆུང་མི་འདྲ་བ་གསུམ་གྱིས་གྲུབ་ཡོད། དགེ་རྒན་གྱི་ཚན་ཆུང་དང་ལས་བཟོ་པའི་ཚན་ཆུང་ལས་ཚན་ཆུང་རེ་རེའི་འགྲན་སྡུར་གྱི་གྲུབ་འབྲས་ལས་ཨང་རིམ3པའི་བར་བླངས་ནས། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིབ་བཤེར་གཏན་ཁེལ་བྱས་རྗེས། “མཚོ་སྔོན་ཞིང་ཆེན་གྱི་ལག་རྩལ་འཇོན་མིའི་གཟི་བརྗིད”མཚན་སྙན་དང་བྱ་དགའི་རྟགས་མ། དཔང་ཡིག་སོགས་གནང་། ཚན་ཆུང་གསུམ་གྱི་འགྲན་སྡུར་གྲུབ་འབྲས་ལས་ཨང་རིམ3--6བར་གྱི་ཕུལ་བྱུང་འགྲན་ཞུགས་པ་དག་ལ་ཞིབ་བཤེར་གཏན་ཁེལ་བྱས་རྗེས་རྩལ་ནུས་རིམ་འཕར་ལས་རིགས་མཁན་གྱི་ཐོབ་ཐང་གནང་། དེ་དང་ཆབས་ཅིག ཐེངས་འདིའི་འགྲན་སྡུར་གྱིས་ཕུལ་བྱུང་དཔྱད་འདེམས་པ་དག་གིས་རང་ཞིང་གི་འཐུས་ཚབ་བྱས་ཏེ་རྒྱལ་ཁབ་རིམ་པའི་འགྲན་སྡུར་ལ་ཞུགས་ནས། འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས46པའི་ཀྲུང་གོའི་འགྲན་ཞུགས་དཔྱད་འདེམས་འགྲན་སྡུར་ལ་གྲ་སྒྲིག་བྱ་དགོས་པ་བསྟན།

ཐེངས་འདིའི་འགྲན་སྡུར་ལ་གྲོང་ཁྱེར་དང་ཁུལ་མི་འདྲ་བ་དག་གི་ཁེ་ལས་དང་སློབ་གླིང35ཡི་འཐུས་ཚབ་རུ་ཁག་མི་གྲངས518གྱིས་འགྲན་ཞུགས་མིང་ཐོ་བཀོད་ཡོད། མིང་ཐོ་བཀོད་པའི་མི་གྲངས་ལ་བལྟས་འོངས་ན། ངར་ལྕགས་ཚ་ལ་དང་རླངས་འཁོར་ལག་རྩལ། ཟ་མ་གཡོས་སྦྱོར། གློག་ཆས་སྒྲིག་འཇུག མགྲོན་ཁང་གི་ཞབས་ཞུ་པ། གསོལ་ཁང་གི་ཞབས་ཞུ་སོགས་ལས་གཞི6གི་འགྲན་ཞུགས་མི་གྲངས50ཡི་ཡན་ལ་སླེབས་ཡོད།

ལོ་འདི་དག་གི་རིང་ལ། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལས་རིགས་རྩལ་ནུས་འགྲན་སྡུར་དེ་སྤུས་ཚད་དྲག་པོ་དང་ནུས་པ་དམ་འཛིན་གྱིས། ལས་ཞུགས་ལ་སྐུལ་འདེད་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། ལས་རིགས་རྩལ་ནུས་འགུལ་སྐྱོད་མཐོར་འདེགས་སུ་གཏོང་བ་དང་གཞི་ཁྱོན་ཆེན་པོའི་སྒོ་ནས་ལས་རིགས་རྩལ་ནུས་གསབ་སྦྱོང་སྤེལ་བ། སྤུས་ཚད་མཐོ་བའི་ངལ་རྩོལ་མཁན་དང་ལག་རྩལ་རྩལ་ནུས་འཇོན་མི་སྐྱེད་བསྲིངས་བྱེད་པའི་བྱ་བར་ཤུགས་བསྣན་ནས། བཟོ་པའི་སྙིང་སྟོབས་དར་སྤེལ་དང་ཤེས་བྱའི་ངོ་བོ་འཛུགས་སྐྲུན། རྩལ་ནུས་ངོ་བོ་དང་གསར་གཏོད་ངོ་བོའི་ངལ་རྩོལ་མཁན་གྱི་དཔུང་ཆེན་སོགས་ཀྱི་ཐད་གྲུབ་འབྲས་ངེས་ཅན་ཞིག་བླངས་ནས། རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།