མཚོ་སྔོན་གྱིས་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་སྒོ་འཕར་ཕྱེས་པ།

རང་རེའི་དྲ་བའི་འཕྲིན། ཟླ11ཚེས30ཉིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཟི་ལིང་གི་ཞིན་ཧྭ་ལེན་རྒྱལ་སྤྱིའི་ཡུལ་སྐོར་མཁར་དུ། “མཚོ་སྔོན་ཞིང་ཆེན་གྱིས་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་འོས་སྦྱོར་ཚོགས་འདུ”བསྡུས་ནས། མཚོ་སྔོན་གྱི་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་དེ་དངོས་སུ་སྒོ་འཕར་ཕྱེས། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏོའུ་ཏི་ཀྲི་ཐེངས་འདིའི་མཛད་སྒོ་ལ་ཞུགས་པ་རེད།

མཚོ་སྔོན་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་དེས་ཁྱོན་ཡོངས་ནས་མཚོ་སྔོན་གྱི་དུས་སྐབས་གང་དེའི་ཁྱབ་ཁོངས་ཧྲིལ་བོའི་ཡུལ་སྐོར་རྣམ་གཞག་གསར་འབྱེད་བྱས་ཡོད། ད་ལོའི་ཟླ11པ་ནས་སང་ལོའི་ཟླ4པའི་བར“སྤྲོ་སྐྱིད་ལྡན་པའི་དགུན་ཁའི་ཁངས་དར་ཡུལ་སྐོར་དང་ཞིང་སྡེའི་དམངས་སྲོལ་ཡུལ་སྐོར། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཉམས་ཞིབ་ཡུལ་སྐོར། གནམ་ལོ་གསར་བའི་དུས་ཆེན་བསུ་པའི་ཡུལ་སྐོར”སོགས། རིགས་མི་འདྲ་བ་ཆེན་པོ10ཡི་རིག་གནས་ཡུལ་སྐོར་གཙོ་གནས་ཀྱི་བྱ་འགུལ200གྲོང་ཁྱེར་དང་ཁུལ་མི་འདྲ་བ8ལ་ཁེབས་པར་བྱས་ནས། “ཟླ་རེར་བཀོད་སྒྲིག་དང་ཉིན་རེར་བྱ་འགུལ”ཡོད་པ་རེད། བྱ་འགུལ་གྱིས་རང་ཞིང་གི་མཛེས་སྡུག་རྔམ་བརྗིད་ལྡན་པའི་རི་ཀློང་དང་སྐྱེ་ཁམས་གལ་ཆེན། རྒྱུན་རིང་བོའི་རིག་གནས། དེ་མིན“རྒྱུད་གཅིག་ལམ་གཅིག”གི་ཡན་ལག་གཙོ་བོར་ཟུང་འབྲེལ་བྱས་ཏེ། “རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་བའི”ནང་དོན་ཟབ་མོ་འབུར་དུ་ཐོན་པར་བྱས།ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་དང་ཞིང་ཆེན་ཕྱི་ནང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་འགྲུལ་བ་བཅས་ལ་མཉམ་འབྲེལ་སྒོས་བརྟན་འཇགས་ཅན་གྱི་རིག་གནས་ཐང་ཆེན་དང་རིག་གནས་ཕོ་བྲང་དེ་གཞིས་ཁུལ་ནས་ཞིང་སྡེ། སློབ་གྲྭ། ལྗོངས་ཁུལ་སོགས་ལ་རྒྱུན་བསྲིངས་བྱས་ཡོད།

འོས་སྦྱོར་ཚོགས་འདུ་དེས་དགུན་ཁའི་དུས་སུ“རབ་མཛེས་མཚོ་སྔོན་ལ་ཡུལ་སྐོར་དང་དཔྱིད་མཚམས་སུ་རྒྱལ་ཁབ་སྤྱི་གླིང་ལ་རོལ་མྱོང་བྱེད་པ”བརྗོད་དོན་དུ་བཟུང་ནས། ད་ལོའི་དགུན་དཔྱིད་སྐབས་སུ་རིགས་ཆེན་པོ་མི་འདྲ་བ10ཡི་རིག་གནས་ཡུལ་སྐོར་གཙོ་གནས་བྱ་འགུལ200འདོན་སྤེལ་བྱས་ཡོད། རིག་གནས་ཡུལ་སྐོར་ཀྱི་ལམ་ཐིག་ཕུལ་བྱུང་ཅན100གཙོ་བོར་བཟུང་ནས་སྐུལ་འདེད་བཏང་ཤིང་། དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་དམིགས་གསལ་བྱེད་ཐབས་དང་དགུན་དཔྱིད་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་མཚོན་པའི་བཀྲ་ཤིས་མཚོན་རྟགས27བཏོན་ཡོད། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་གྲོས་ཚོགས་བསྡུས་ནས། རིག་དངོས་ལ་གསོན་ཤུགས་སྣོན་པ། “རྒྱུད་གཅིག་ལམ་གཅིག”གི་སྐབས་དང་པོའི་མཚོ་སྔོན་གྱི་རིག་དངོས་གསར་གཏོད་འདུ་ཤེས་ཀྱི་ཐོན་རྫས་འགྲེམས་སྟོན་དང་། གནམ་འོག་རྨ་ཆུ་ཁྲི་ཀར་དྭངས་པའི་རྨིད་བརྒྱ་ཅན་གྱི་རི་མོའི་ཤོག་དྲིལ་རིང་མོ་འགྲེམས་སྟོན། ཀྲུང་ཧྭའི་ཆུ་མཛོད་ཀྱི་ཚོན་མདོག་ཀྲུང་གོ་འགྲེམས་སྟོན་བྱ་འགུལ་སོགས་སྤེལ་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།