སྐམས་ཤ་འབྲི་ཆུའི་ལྷོ་རྒྱུད་དུ་འགྲེམ་པའི་དབུལ་སྐྱོར་ཐོན་ཟོག་འོས་སྦྱོར་ཚོགས་འདུ་ཅང་སུའུ་ནས་འཚོགས་ཤིང་། དམངས་སྒོར་ཁྲི1200ཡི་སྐམས་ཤའི་ཉོ་ཚོང་གྲོས་ཆིངས་བཞག

རང་རེའི་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་ཞིང་ལས་ཞིང་སྡེའི་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་དབུལ་སྐྱོར་ཅུའུ། ཞིང་ཆེན་མཁོ་སྒྲུབ་ཕྱིར་འཚོང་མཉམ་ལས་བཅས་ཀྱི་རྒྱབ་སྐྱོར་འོག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ནུབ་བྱང་ཚོང་ཚོགས་ཡན་ལག་ཀུང་ཟིའི་མཚོ་སྔོན་ནུབ་བྱང་དར་སྤེལ་སྐྱེ་ལྡན་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟིས་འགན་སྒྲུབ་གནང་བའི་མཚོ་སྔོན་གྱི་སྐམས་ཤ་འབྲི་ཆུའི་ལྷོ་རྒྱུད་དུ་འགྲེམ་པའམ་དབུལ་སྐྱོར་ཐོན་རྫས་འོས་སྦྱོར་གྲོས་ཚོགས་དེ་ཟླ11པའི་ཚེས28ཉིན། ཅང་སུའུ་ཞིང་ཆེན་སུའུ་ཀྲུའུ་གྲོང་ཁྱེར་ནས་བདེ་བླག་ངང་སྤེལ། ཡུལ་དངོས་སུ་སྒོར་ཁྲི1200ཡི་སྐམ་ཤ་མངགས་ཉོ་བྱེད་པའི་གྲོས་མཐུན་གན་རྒྱ་བཞག

ཐེངས་འདིའི་འོས་སྦྱོར་གྲོས་ཚོགས་ནི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་རྩེ་ཁོག་རྫོང་སྲིད་གཞུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་ལེན་དངོས་འབེབས་གཏིང་ཟབ་དུ་སྤེལ་བ་དང་། མཚོ་སྔོན་གྱི་ནོར་གནག་ཐོན་ལས་དེ་སྔར་བཞིན་མུར་བསྟུན་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པ། བོད་ཁུལ་དཔལ་འབྱོར་འཕེལ་རྒྱས་དང་དབུལ་སྐྱོར་མཁྲེགས་གཏོར་གྱི་དོན་དངོས་བྱེད་ཐབས་ལ་རོགས་སྒྲུབ་བྱེད་པ། ཕན་ནུས་ངེས་ཅན་ལྡན་པའི་སྒོ་ནས་རང་ཞིང་གི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་མཚན་སྙན་དང་ཤུགས་རྐྱེན་མཐོར་འདེགས་སྒོས། རང་ཞིང་གི་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་དེ་མཚོ་སྔོན་ནས་ཕྱིར་འབུད་པ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་པར་སྐུལ་འདེད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ནུབ་བྱང་ཚོང་ཚོགས་ཀྱིས་མདོ་དབུས་མཐོ་སྒང་གི་ཐོན་ཁུངས་ལེགས་པོར་གཞི་བཅོལ་ནས། སྐམས་ཤའི་ཐོན་རྫས་གཙོ་བོ་ཡིན་པའི་ཁྱད་ཆོས་ཚོང་རྟགས་ཀྱི་ཁེ་ལས་ལ་ཞིབ་འཇུག་ཐོན་སྐྱེད་བྱས་པ་རེད། ལོ་འདི་དག་གི་རིང་ལ། ཀུང་ཟི་དེས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་སྒོས། རང་ཞིང་གི་ནོར་གནག་ཐོན་རྫས་འཕེལ་རྒྱས་ལ་རོགས་སྒྲུབ་དང་རོང་འབྲོག་མི་དམངས་ཀྱི་དབུལ་སྐྱོར་ཡོང་སྒོ་འཕར་སྣོན་སོགས་ཀྱི་ཐད་བྱེད་ནུས་ངེས་ཅན་ཞིག་ཐོན་པར་སྣེ་ཁྲིད་བྱས་ཡོད་ལ། ད་ལོའི་ཟླ8པའི་ནང་ཐོན་སྐྱེད་བྱས་པའི་སྐྱེ་ལྡན་ནོར་ལུག་ཤའི་ལས་སྣོན་ལས་བཟོ་གཏིང་ཟབ་ཅན་ཏུ་བཏང་། དེ་ནི་རང་ཞིང་གི་ནོར་གནག་དང་བོད་ལུག་ཉོ་འཚོང་ལས་སྣོན་བྱེད་པའི་རྟེན་གཞི་ཆེས་ཆེ་ཤོས་སུ་གྱུར། ལོ་གཅིག་གི་ཆ་སྙོམས་ཉོ་འཚོང་བརྗེ་རེས་ཀྱི་ཁ་གྲངས་ནི་ནོར་གནག་ཁྲི30དང་བོད་ལུག་ཁྲི20ཡིན་ལ། ལོ་གཅིག་ལ་བཤས་ནས་ལས་སྣོན་བྱེད་པའི་ནོར་གནག་གི་ཁ་གྲངས་ཁྲི15དང་བོད་ལུག་ཁྲི10ཡིན་པར་བཤད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།