ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཐིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་《དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དཔར་འགྲེམ་བྱས་པའི་བརྡ་སྦྱོར།

མཚོ་གཞུང་ཡིག﹝2019﹞ཨང127པ

གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་མི་དམངས་སྲིད་གཞུང་དང། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་སོ་སོ། མི་དམངས་ཚོགས་པ་སོ་སོ་བཅས་ལ།

《དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆརལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འཐད་པ་བྱུང་སྟེ། ད་ལྟ་ཁྱེད་ཅག་ལ་དཔར་འགྲེམ་བྱས་པ་ཡིན་པས། གནས་ཚུལ་དངོས་དང་སྦྱར་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་དགོས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2019ལོའི་ཟླ་9པའི་ཚེས་25ཉིན།

༄༅། །དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར།

དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་དབུལ་ཐར་སྤུས་ཚད་མཐོར་འདེགས་སུ་བཏང་ནས། དབུལ་ཐར་མི་འབོར་སླར་ཡང་དབུལ་བོར་འགྱུར་བ་སྔོན་འགོག་དང་དབུལ་བོ་གསར་དུ་འབྱུང་བའི་སྣང་ཚུལ་བཀག་འགོག་ནུས་ལྡན་བྱས་ཏེ། 2020ལོར་དབུལ་ཐར་འགག་སྒྲོལ་གཡུལ་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་ཐུབ་པ་དང་འགྲོས་མཉམ་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་ཐུབ་པར་ཁག་ཐེག་བྱེད་ཆེད། ད་ལྟ་མཚོ་སྔོན་གྱི་གནས་ཚུལ་དངོས་ལ་སྦྱར་ནས། གཤམ་གསལ་གྱི་ལག་བསྟར་བསམ་འཆར་བཏོན་པ་ཡིན།

གཅིག སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག། བློ་མཐུན་ཞི་ཅིན་ཕིང་གི“ཞྭ་ཕུད་ཀྱང་འགན་འཁྲི་མི་ཕུད་པ། ཞྭ་ཕུད་ཀྱང་སྲིད་ཇུས་མི་ཕུད་པ། ཞྭ་ཕུད་ཀྱང་རོགས་སྐྱོར་མི་ཕུད་པ། ཞྭ་ཕུད་ཀྱང་ལྟ་སྐུལ་དོ་དམ་མི་ཕུད་པ”ཞེས་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་རྒྱུ་དེ་འཆང་བཟུང་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བ་དང་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་གཉིས་མཉམ་འདྲེས་མཉམ་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་དབུལ་སྐྱོར་ཐོན་ལས་གསོ་སྐྱོང་དང་དར་རྒྱས་སུ་གཏོང་བ། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱི་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སྤེལ་བ་བཅས་བརྒྱུད། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་དུ་དབུལ་ཐར་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་འགྱུར་བ་དང། དབུལ་ཐར་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་འགྲོ་བ། དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་བརྟན་བརླིང་ངང་འཕར་བ། དབུལ་ཐར་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འབྱུང་བའི་རྣམ་པ་ལེགས་པོ་ཆགས་པར་སྐུལ་འདེད་བྱས་ཏེ། རང་ཞིང་གིས་དུས་ལྟར་ཕྱོགས་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་ཅིང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

གཉིས། ཞྭ་མོ་ཕུད་ཀྱང་འགན་འཁྲི་མི་ཕུད་པ།


དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆརགྱི་བླང་བྱ་ལྟར། ཞིང་ཆེན་དང་གྲོང་ཁྱེར་(ཁུལ)། རྫོང་། ཤང་། སྡེ་བ་བཅས་ཀྱི་རྗེས་མཐུད་ཀྱི་སྲ་བརྟན་འགན་འཁྲི་རེ་རེ་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས། རང་ཞིང་གི་སྲ་བརྟན་མཐོར་འདེགས་གཏོང་བའི་ཐབས་དང་བཀོད་པ་ཞིབ་འཇུག་བྱས་ནས་གཏན་ལ་འབེབས་པ་དང་། ཕན་འབྲས་དཔྱད་ཞིབ་དང་ལྟ་ཞིབ་སྐོར་ཞིབ། འགན་འཁྲི་དོན་འཁྱོལ་སོགས་ཀྱི་ལམ་ལུགས་དང་རྐྱེན་སྲོལ་འཐུས་སྒོ་ཚང་བར་འཛུགས་པ་དང་། ལས་གྲྭ་དང་ལས་གཞི་གལ་ཆེན་འཆར་འགོད་བྱས་ཏེ། ཞིང་ཆེན་ཡོངས་ཅན་གྱི་གནད་དོན་གལ་ཆེན་དང་ཐུན་མོང་རང་བཞིན་གྱི་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱ་དགོས། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་སྲ་བརྟན་མཐོར་འདེགས་ཀྱི་ཕྱོགས་བསྡུས་མཐུན་སྦྱོར་བྱ་བའི་འགན་འཁུར་དགོས་པ་དང་། འགོ་ཁྲིད་ཚན་ཆུང་གི་ཁོངས་མིར་གཏོགས་པའི་སྡེ་ཚན་དག་གིས་རང་འགུལ་ངང་ཐེ་ཞུགས་བྱེད་ཅིང་འབྲེལ་འདྲིས་ལ་ཤུགས་སྣོན་བརྒྱབ་སྟེ། ཤུགས་ཆིག་སྒྲིལ་གྱིས་སྲ་བརྟན་མཐོར་འདེགས་ཀྱི་བྱ་བ་མཐའ་དག་དངོས་འབེབས་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས། གྲོང་ཁྱེར་(ཁུལ)ཏང་ཨུ་དང་སྲིད་གཞུང་གིས་རང་མངའ་ཁོངས་ཀྱི་སྲ་བརྟན་མཐོར་འདེགས་བྱ་བར་རྩ་འཛུགས་དང་ལག་བསྟར་བགྱིད་པའི་འགན་འཁུར་དགོས་པ་དང་། རྗེས་མཐུད་ཀྱི་སྲ་བརྟན་དམིགས་འབེན་ལས་འགན་གཞིར་བཟུང་སྟེ། མངའ་ཁོངས་ཀྱི་རྫོང་སོ་སོས་རིམ་པ་བཞིན་དུ་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཐབས་བཀོད་འཐུས་ཚང་དུ་གཏོང་བ། དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བར་སྐུལ་མ་དང་མཛུབ་སྟོན་གནང་དགོས། རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་སྲ་བརྟན་མཐོར་འདེགས་ཀྱི་བྱེད་པོའི་འགན་འཁྲི་དང་དུ་ལེན་དགོས་ཏེ། ཏང་སྲིད་ཀྱི་གཙོ་འགན་འཁུར་བའི་བློ་མཐུན་ནི་འགན་འཁུར་པ་དང་པོ་ཡིན་ལ། རྗེས་མཐུད་ཀྱི་འཕེལ་རྒྱས་ཁྲོད་དུ། འགན་འཁྲི་འདུ་ཤེས་དང་བྱེད་པོའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རིགས་མི་འདྲ་བའི་ཐོན་ཁོངས་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་། མ་དངུལ་གཏོང་འཇོག་དང་འགུལ་རྣམ་ལྟ་འཇལ། འགན་འཁྲི་རྩད་གཅོད་སོགས་ཀྱི་རྐྱེན་སྲོལ་འཐུས་སྒོ་ཚང་བར་འཛུགས་པ་དང། ཤར་རྒྱུད་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར། ཀྲུང་དབྱང་གནས་ངེས་དབུལ་སྐྱོར་སོགས་ཀྱི་རོགས་སྐྱོར་ཐོན་ཁུངས་གཅིག་གྱུར་བཀོད་འདོམས་ངང་བེད་སྤྱོད་གང་ལེགས་བྱ་དགོས། ཤང་དང་སྡེ་བ་རིམ་པ་གཉིས་ཀྱིས་རྗེས་མཐུད་སྲ་བརྟན་གྱི་འགན་འཁྲི་བྱེ་བྲག་པ་དང་དུ་ལེན་དགོས་ཏེ། རྗེས་མཐུད་སྲ་བརྟན་ལས་གཞིའི་རྩ་འཛུགས་ལག་བསྟར་དང་རིགས་དབྱེ་སྐུལ་སྤེལ་སོགས་བྱ་བ་བྱེ་བྲག་པ་ལེགས་པོར་སྒྲུབ་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་གྲུབ་འབྲས་སྲ་བརྟན་མཐོར་འདེགས་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད། ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བཅས་བྱ་དགོས། དབུལ་ཐར་འགག་སྒྲོལ་བྱེད་ཡུན་དུ་དབུལ་ཕོངས་གྲོང་ཁྱེར་(ཁུལ)དང་རྫོང་གི་ཏང་སྲིད་འགོ་ཁྲིད་དང་པོ་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱ་དགོས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ལྕི་བའི་ཤང་ངམ་གྲོང་རྡལ་གྱི་ཏང་སྲིད་འགོ་ཁྲིད་དང་པོ་ལྟོས་བཅས་སུ་འགྱུར་བ་མེད་པ་བྱ་དགོས་ལ། དབུལ་སྐྱོར་གྱི་ཆེད་སྤྱོད་སྟོབས་ཤུགས་ཇེ་ཉུང་ཇེ་ཞན་དུ་བཏང་མི་ཆོག་པར། དཔུང་སྡེའི་བརྟན་རླིང་རང་བཞིན་དང་བྱ་བའི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱ་དགོས།


གསུམ། ཞྭ་མོ་ཕུད་ཀྱང་སྲིད་ཇུས་མི་ཕུད་པ།

(གཅིག) ཐོན་ལས་དབུལ་སྐྱོར་གྱི་རྗེས་མཐུད་ཀྱི་སྲ་བརྟན་མཐོར་འདེགས་ལ་ཤུགས་སྣོན་བརྒྱག་དགོས། ནོར་ནག་དང་ནས། གྲོང་གསེབ་ཡུལ་སྐོར། སྡེ་བ་རིམ་པའི་ཉི་གློག་ས་ཚིགས་དང་མི་རིིགས་ལག་ཤེས་བཟོ་རྩལ་སོགས་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་ཐོན་ལས་དར་ཞིང་རྒྱས་པར་གཏོང་བ་དང་། ཐོན་ལས་ཡོངས་ཀྱི་སྦྲེལ་རྡང་བསྐྲུན་ནས། ཐོན་ལས་དང་པོ་གཉིས་པ་གསུམ་པའི་མཐུན་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་དགོས། ཞིང་ཆེན་ཡོངས་སུ་སྡེ་བའི་ཐུན་མོང་དཔལ་འབྱོར་སྤུས་ཚད་མཐོན་པོ་མེད་པ་ནས་ཡོད་པར་སྒྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བཤའ་དང་དོ་དམ་དང་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་བར་བཙུགས་ནས། ཕྱོགས་སོ་སོའི་ཁེ་ཕན་བྱེད་པོ་དག་ལ་འདྲ་མཉམ་ངང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་འབྲས་བུ་ལོངས་སུ་སྤྱོད་དུ་འཇུག་དགོས། དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་དཔེ་སྟོན་ཆེད་ལས་མཉམ་ལས་ཁང་གི་ངོས་འཛིན་བྱ་བ་རྒྱུན་མཐུད་ངང་ལེགས་པོར་སྒྲུབ་པ་དང་། དབུལ་ཐར་སྡེ་བ་རེ་ལ་འཁོར་སྐྱོད་ཚད་ལྡན་ཡིན་ལ་དབུལ་སྒྲོལ་བར་སྐུལ་ཁྲིད་ནུས་པ་ཆེ་བའི་ཆེད་ལས་མཉམ་ལས་ཁང་1ཡན་ཡོད་པར་བརྩོན་དགོས། རྫོང་རིམ་པའི་དབུལ་སྐྱོར་ཐོན་ལས་གླིང་གི་གདང་རིམ་ཡར་སྤོར་བར་མགྱོོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཐོན་ལས་གཅིག་བསྡུས་ཀྱིས་བཀོད་སྒྲིག་དང་། རྒྱུ་རྐྱེན་གཙོ་བོ་ཚད་མཐོའི་ངང་མཉམ་འདུས། རྩོལ་ནུས་དམ་ཚགས་སྒོས་མཉམ་འདྲེས་བཅས་ཡོང་བ་མངོན་འགྱུར་བྱ་དགོས། འཛད་སྤྱོད་ཀྱིས་དབུལ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རོང་འབྲོག་ཁུལ་དུ་གློག་རྡུལ་ཚོང་དོན་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་བྱེད་གནས་དང་འཁྱགས་རྡང་ཟོང་སྐྱེལ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་དགོས་ལ། ཐོན་ལས་ཀྱི་ཐོན་རྫས་དྲིལ་བསྒྲགས་དང་ཐོན་འཚོང་མཐུད་སྦྲེལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཐོན་སྐྱེད་དང་འཁོར་རྒྱུག་དང་འཛད་སྤྱོད་བཅས་བར་ཚིགས་སོ་སོ་ཕྱོགས་ཡོངས་ནས་གེགས་མེད་དུ་གཏོང་བ་དང་། དབུལ་ཕོངས་ས་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ཀྱི་ཐོན་རྫས་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། འཛད་སྤྱོད་ཀྱིས་དབུལ་སྐྱོར་བྱས་པའི་གྲུབ་འབྲས་ཇེ་ལེགས་སུ་གཏང་དགོས།

(གཉིས)ལས་ཞུགས་དབུལ་སྐྱོར་གྱི་རྗེས་མཐུད་ཀྱི་སྲ་བརྟན་མཐོར་འདེགས་ལ་ཤུགས་སྣོན་བརྒྱག་དགོས། ཚེ་གང་བོའི་ལས་རིགས་ནུས་རྩལ་གསོ་སྦྱོང་ལམ་ལུགས་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པ་དང་། ལས་ཞུགས་ནུས་རྩལ་དང་ཞིང་ལས་ཉེར་སྤྱོད་ལག་རྩལ། “རྗེས་གཉིས་སློབ་མའི”ལས་རིགས་ནུས་རྩལ་གྱི་བསླབ་རིམ་སློབ་གསོ་གསོ་སྦྱོང་སོགས་རིགས་དབྱེ་ནས་གནད་ལ་ཁེལ་བར་ལག་བསྟར་བགྱིས་ཏེ། ལོ་རེར་མི་ཐེངས་ཁྲི་8.5ཡན་ལ་རིགས་མི་འདྲ་བའི་ལས་རིགས་ནུས་རྩལ་གསོ་སྦྱོང་སྤེལ་དགོས། རོང་འབྲོག་པའི་སློབ་གསོ་གསོ་སྦྱོང་ལ་ལོ་གསུམ་ནང་སྤུས་ཚད་ཇེ་མཐོར་དང་ཕན་ནུས་ཇེ་ལེགས་སུ་གཏོང་བའི་འགུལ་སྐྱོད་ཤུགས་ཆེན་པོས་སྐུལ་སྤེལ་བྱེད་པ་དང་། གསོ་སྦྱོང་བྱ་ཡུལ་གྱི་དགོས་མཁོ་དངོས་ལ་དོ་ཁུར་བྱས་ཏེ། རོང་འབྲོག་པ་དང་ཁྲོམ་ར་ཕན་ལྡན་ངང་སྦྲེལ་བར་སྣེ་ཁྲིད་བྱ་དགོས། “དཔྱིད་རླུང་འགུལ་སྐྱོད”དང“ལས་ཞུགས་རོགས་འདེགས་ཟླ་བ”སོགས་སྤྱི་པའི་ལས་ཞུགས་དང་འཇོན་མིའི་ཞབས་ཕྱི་བྱེད་སྒོ་ཆེ་གྲས་སྤེལ་ནས། ལས་ཞུགས་ཀྱི་དཀའ་ངལ་ཡོད་པའི་མི་སྣ་དག་ལ་“གཅིག་གཏད་གཅིག”གི་ལས་ཞུགས་ཞབས་ཕྱི་འདོན་སྤྲོད་བྱ་དགོས། ལས་གྲྭ་གལ་ཆེན་དང་ལས་གཞི་གཙོ་བོ། སྣ་འདྲེན་ཁེ་ལས། དམངས་གཉེར་ཁེ་ལས་སོགས་“དུད་ཚང་ཆེ་གྲས”ཀྱི་ལས་བཟོ་བ་བཀོལ་སྤྱོད་དགོས་མཁོར་རང་འགུལ་གྱིས་སྦྲེལ་བ་དང་། ལས་གནས་འོས་འཚམ་གསར་འབྱེད་བྱས་ཏེ། རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ལས་ཞུགས་གཞི་ཁྱོན་རྒྱ་བསྐྱེད་དགོས། དབུལ་ཐར་མང་ཚོགས་ཀྱིས་ལས་སྒོ་གསར་གཏོད་དང་ཡོང་འབབ་འཕར་སྣོན་གཏོང་བར་རྒྱབ་སྐྱོར་བྱེད་ཅིང། ཁྲལ་རིན་འཕྲི་ཆག་གཏོང་བ་དང་མ་དངུལ་ཁ་གསབ་རྒྱག་པ། གནས་ཡུལ་བཀོད་སྒྲིག་བྱེད་པ། ལས་གཏོད་འགན་ལེན་བུན་དངུལ་དང་སྐྱེད་ཀ་སྤྲོད་པ་སོགས་ཀྱི་ཐད་ནས་དེར་གསེག་གཞོལ་བྱ་དགོས། “དབུལ་སྐྱོར་འཁོར་ཁང”འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས། དབུལ་ཕོངས་མང་ཚོགས་ཀྱིས་ས་ཐག་ཉེའམ་ས་དེ་ག་ནས་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱ་དགོས། དབུལ་ཐར་ས་ཁུལ་དུ་གད་བདར་ལྗང་སྲུང་དང་། བདེ་སྲུང་རམ་འདེགས། རྒྱ་ལམ་སྲུང་སྐྱོང་། རི་ནགས་(རྩྭ་ར)འགོག་སྲུང། ལོ་ལོན་ཁེར་འདུག་དང་ཁྱིམ་ལུས་བྱིས་པའི་བདག་སྐྱོང་སོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ། སྔོན་ལ་ཡོང་འབབ་ཉུང་བའི་མི་ཚོགས་ལས་ཞུགས་བྱེད་དུ་འཇུག་པར་སྣེ་སྟོན་བྱ་དགོས།

(གསུམ)སློབ་གསོ་དབུལ་སྐྱོར་གྱི་རྗེས་མཐུད་ཀྱི་སྲ་བརྟན་མཐོར་འདེགས་ལ་ཤུགས་སྣོན་བརྒྱག་དགོས། སློབ་མཚམས་སོ་སོའི་སློབ་གསོའི་རོགས་དངུལ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། སློབ་གྲྭ་འགྲིམས་པའི་རྐྱེན་གྱིས་དབུལ་པོར་གྱུར་པ་དང་དབུལ་པོ་ཡིན་པའི་རྐྱེན་གྱིས་སློབ་གྲྭ་འགྲིམས་མ་ཐུབ་པ་སྔོན་འགོག་བྱ་དགོས། སྤྱི་སྐད་ཁྱབ་གདལ་གྱི་དབུལ་ཐར་འགག་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་ནས། རོང་འབྲོག་ཁུལ་གྱི་སྤྱི་སྐད་ཁྱབ་གདལ་བྱུང་ཕྱོད་མངོན་གསལ་གྱིས་མཐོར་འདེགས་སུ་གཏང་དགོས། གྲོང་གསེབ་དགེ་རྒན་གྱི་འཚོ་བའི་གསབ་དངུལ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། མུ་མཐུད་དུ་རྒྱལ་ཁབ་ཀྱི་གསོ་སྦྱོང་དང་ཞིང་ཆེན་གྱི་གསོ་སྦྱོང་སོགས་དགེ་རྒན་གསོ་སྦྱོང་འཆར་གཞི་ལ་བརྟེན་ནས། རོང་འབྲོག་ཁུལ་གྱིས་དགེ་རྒན་དཔུང་སྡའིེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱ་དགོས། ལས་རིགས་སློབ་གསོའི་ཐད་ཀྱི་ཤར་རྒྱུད་ནུབ་རྒྱུད་མཉམ་ལས་འགུལ་སྐྱོད་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། གཞི་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ལེགས་པོ་བྱ་དགོས། སློབ་ཤོར་ཚོད་འཛིན་དང་སློབ་འབོར་སྲུང་འཛིན་བྱེད་ཤུགས་བསྟུད་མར་ཇེ་ཆེར་གཏོང་བ་དང་། རྒྱུན་པར་དམ་འཛིན་དང་བཅོས་སྐྱོང་བྱེད་ཅིང་། ཡུན་རིང་དུ་ཕན་པ་རྒྱུན་འཁྱོངས་བྱས་ཏེ། 2020ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་འགན་བབས་སློབ་གསོའི་སྲ་བརྟན་བྱུང་ཕྱོད་95%ཡན་ལ་སླེབས་ཐུབ་པ་ཁག་ཐེག་བྱ་དགོས།

(བཞི)བདེ་ཐང་དབུལ་སྐྱོར་གྱི་རྗེས་མཐུད་ཀྱི་སྲ་བརྟན་མཐོར་འདེགས་ལ་ཤུགས་སྣོན་བརྒྱག་དགོས། “འཕྲི་ཆག་དྲུག་དང་ཁྱབ་ཁེབས་བཅུ”ཡི་བདེ་ཐང་དབུལ་སྐྱོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བགྱིད་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང། ནད་གཞི་ལྕི་གྲས་ཀྱི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་“འགན་སྲུང་གསུམ”ཇེ་སྟོབས་སུ་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་སྨན་པ་བསྟེན་པའི་ཁུར་བོ་ཇེ་ཡང་དུ་གཏང་དགོས། “གནས་གཅིག་ཅན”གྱི་སྡོམ་རྩིས་ཞབས་ཕྱི་རྒྱུན་མཐུད་ངང་སྐུལ་སྤེལ་བྱས་ཏེ། དབུལ་ཐར་ས་ཁུལ་གྱི་སྨན་བཅོས་ལས་ཁུངས་ཚད་གཞི་ཅན་དུ་སྒྱུར་བའི་འཛུགས་སྐྲུན་དང་ཞབས་ཕྱི་ནུས་པའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏང་དགོས། ཀུན་ཤེས་དམིགས་བསལ་ལས་གནས་ཀྱི་འཆར་གཞི་མགྱོགས་མྱུར་ངང་ལག་བསྟར་བགྱིས་ཏེ། དབུལ་ཕོངས་ས་ཁུལ་གྱི་ཀུན་ཤེས་སྨན་པའི་སྐྱེད་སྲིང་རྒྱུན་མཐུད་ངང་སྤེལ་དགོས། ཡུལ་ནད་དང་འགོས་ནད། དལ་ནད་བཅས་ཀྱི་འགོག་འཛིན་དང་གསོ་བཅོས་བྱ་བར་ཤུགས་སྣོན་རྒྱག་པ་དང་། བདེ་ཐང་བྱང་ཚད་སྐོར་གྱི་ཤེས་བྱ་རྒྱ་ཁྱབ་ཏུ་སྤེལ་ནས། རོང་འབྲོག་པའི་བདེ་ཐང་བྱང་ཚད་སྔར་བས་མཐོར་འདེགས་སུ་གཏང་དགོས།

(ལྔ)སྡོད་ཁང་བདེ་འཇགས་ཀྱི་རྗེས་མཐུད་ཀྱི་སྲ་བརྟན་མཐོར་འདེགས་ལ་ཤུགས་སྣོན་བརྒྱག་དགོས། ཞིང་ཆེན་ཡོངས་ཀྱི་ཡུལ་གཞན་དབུལ་སྐྱོར་གནས་སྤོ་དང་ཁང་པ་ཉེན་རྙིང་སྒྱུར་བཀོད་ཀྱི་ལས་འགན་ཚད་གཞི་མཐོན་པོའི་སྒོ་ནས་ལེགས་འགྲུབ་ཡོང་བ་བྱ་དགོས། ཡུལ་གཞན་དབུལ་སྐྱོར་གནས་སྤོའི་གཅིག་འདུས་བདེ་འཁོད་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། ཐོན་སྐྱེད་དང་འཚོ་བའི་རྒྱུ་ཆ། སྤྱི་པའི་ཞབས་ཕྱི་སྒྲིག་བཀོད། རྗེས་མཐུད་ཀྱི་འདེགས་སྐྱོར་ཐོན་ལས་སོགས་ཀྱི་ལེ་ལག་ལེགས་པོར་བསྒྲུབ་དགོས། མང་ཚོགས་དབུལ་བོར་རོགས་བྱས་ཏེ་ཐེམ་ཐོ་སྣུར་བ་དང། སློབ་གྲྭ་འགྲིམས་པ། སྨན་པ་བསྟེན་པ། སྤྱི་ཚོགས་འགན་སྲུང་སོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བཟང་པོ་བྱས་ནས། ཡུལ་གཞན་དབུལ་སྐྱོར་གནས་སྤོའི་གཅིག་འདུས་བདེ་འཁོད་གནས་ཀྱི་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། ཁྲིམས་ལྟར་ཁང་རྙིང་བཤིག་པའི་བྱ་བ་དང་། ས་ཞིང་སླར་གསོ་བྱས་ཏེ་རྨོ་ས་དང། ནགས་དང། རྩྭ་དང། མཚེའུ་དང། ཆུ་བོ་བཅས་གསོ་བའི་བྱ་བ་ལེགས་པོར་བསྒྲུབ་དགོས།

(དྲུག)རྨང་གཞིའི་སྒྲིག་བཀོད་ཀྱི་རྗེས་མཐུད་ཀྱི་སྲ་བརྟན་མཐོར་འདེགས་ལ་ཤུགས་སྣོན་བརྒྱག་དགོས། ཞིང་ཆེན་ཡོངས་ཀྱི་ལྷག་ལུས་དབུལ་ཕོངས་མི་གྲངས་ཁྲི་2.11གི་ཉེན་མེད་འཐུང་ཆུ་སྲ་བརྟན་མཐོར་འདེགས་བྱེད་པའི་ལས་འགན་དེ་སྤུས་དག་གྲངས་ཚང་གི་སྒོ་ནས་ལེགས་འགྲུབ་བྱེད་པ་དང་། རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་ཆུ་ཚད་སྔར་བས་ཇེ་མཐོར་བཏང་ནས། 2020ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་ལྟོས་མེད་དབུལ་ཕོངས་མི་འབོར་ཐམས་ཅད་ཀྱིས་ཉེན་ཁ་མེད་པའི་ཆུ་དང་བློ་སེམས་བདེ་བའི་ཆུ་འཐུང་ཐུབ་པ་ཁག་ཐེག་བྱ་དགོས། “བཟང་པོ་བཞི་ལྡན་གྱི་ཞིང་སྡེའི་ལམ”འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་དང་། “ལམ་དཔོན་འགན་འཁྲིའི་ལམ་ལུགས”དང་དཔེ་སྟོན་རྫོང་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཞིང་སྡེའི་གཞུང་ལམ་གྱི་ཞབས་ཕྱི་ནུས་པ་དང་སྤུས་ཀ་སྔར་བས་མཐོར་འདེགས་སུ་བཏང་སྟེ། རྫོང་དང་ཤང་གི་རྒྱ་ལམ་གྱི་མངོན་མེད་ཉེན་ཁ་ཕལ་ཆེར་སེལ་ཐུབ་པ་བྱ་དགོས། ཀུན་གསལ་དབུལ་སྐྱོར་འགུལ་སྐྱོད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཞིང་དྲའི་གློག་འདོན་ནུས་པ་དང་གློག་འདོན་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏང་དགོས། འཕྲིན་སྐྱེལ་དྲ་རྒྱ་སྡེ་བ་དང་ཁྱིམ་ཚང་དུ་སྦྲེལ་བའི་ལས་གྲྭར་མགྱོགས་མྱུར་ངང་སྐུལ་འདེད་བྱས་ཏེ། རོང་འབྲོག་ཁུལ་གྱི་ཐགས་ཡངས་(འོད་ཚི)ཁེབས་ཕྱོད་སྔར་བས་མཐོར་འདེགས་སུ་གཏང་དགོས། གནམ་གཤིས་གནོད་འཚེའི་འཚུབ་ཟློག་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང། གནོད་འཚེ་སྔོན་དཔག་དང་སྔོན་བརྡ་གཏོང་བའི་ནུས་པ་ཇེ་མཐོར་བཏང་ནས། རང་བྱུང་གནོད་འཚེ་ལས་བྱུང་བའི་གྱོང་གུད་ཇེ་ཉུང་དུ་གཏང་དགོས།

(བདུན)ཁོར་ཡུག་སྒྲིག་བཅོས་ཀྱི་རྗེས་མཐུད་ཀྱི་སྲ་བརྟན་མཐོར་འདེགས་ལ་ཤུགས་སྣོན་བརྒྱག་དགོས། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་དང། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། སྡེ་བ་གཙང་དག་ཡིན་ཞིང་། ཡུལ་སྲོལ་དཔལ་ཡོན་ཆགས་པ། འཚོ་བར་འབྱོར་ཕྱུག་ལྡན་པ། སྐྱེ་ཁམས་འབྱུང་འཕྲོད་ཡིན་པའི་མཛེས་པའི་གྲོང་སྡེ་སྐོར་ཞིག་འཛུགས་སྐྲུན་བྱ་དགོས། ཞིང་སྡེའི་འཚོ་བའི་གད་སྙིགས་རྣམས་ཁྱིམ་ཚང་གིས་རིགས་དགར་བ་དང་། ཚན་ཆུང་གིས་གད་བདར་བྱེད་པ། སྡེ་བས་བསྡུ་གསོག་རྒྱག་པ། གྲོང་རྡལ་གྱིས་དབོར་འདྲེན་བྱེད་པ། རྫོང་གིས་ཐག་གཅོད་བྱེད་པའི་བཅོས་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་འཚོ་བའི་གད་སྙིགས་ཚད་བགོས་ཉུང་འདོར་དང་ཐོན་ཁུངས་ཅན་དུ་བསྒྱུར་ནས་ཐག་གཅོད་པའི་འགྲོས་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། “སྤྱོད་ཁང་གསར་བརྗེ”ཡི་ལོ་གསུམ་འགུལ་སྐྱོད་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་ནས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་དུད་ཁྱིམ་ཁྲི་19.05ཡི་སྤྱོད་ཁང་བསྐྱར་སྐྲུན་ལས་འགན་ཡོངས་སུ་འགྲུབ་དགོས། ཤང་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་སྒྲིག་བཀོད་མགྱོགས་མྱུར་ངང་བསྒྱུར་བཀོད་རིམ་སྤར་བྱེད་པ་དང། ཞིང་སྡེའི་འཚོ་བའི་བཙོག་ཆུ་གཙང་སེལ་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས། འཆར་འགོད་ཀྱིས་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། གྲོང་སྡེའི་འཆར་འགོད་སྒྲིག་བཟོ་བྱེད་པ་དང། གྲོང་སྡེའི་འཕེལ་རྒྱས་བཀོད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱིའི་སྒྲིག་བཀོད་ཀྱི་སྤྱོད་སའི་བཀོད་པ་ལ་གཅིག་གྱུར་བཀོད་འདོམས་བྱས་ཏེ། རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་བཅོས་བྱ་དགོས།

(བརྒྱད)དམའ་སྲུང་རོགས་སྐྱོབ་ཀྱི་རྗེས་མཐུད་ཀྱི་སྲ་བརྟན་མཐོར་འདེགས་ལ་ཤུགས་སྣོན་བརྒྱག་དགོས། “ལྔ་ཚན་བཅུ་གསུམ་པའི”དུས་སྐབས་སུ། 10%ལས་མི་དམའ་བའི་ཚད་ཐིག་བཟུང་སྟེ། ཞིང་སྡེའི་དམའ་སྲུང་ཚད་གཞི་ལོ་རེ་བཞིན་ཇེ་མཐོར་གཏོང་བ་དང། ཆ་རྐྱེན་འཚམ་པའི་དབུལ་ཐར་མང་ཚོགས་རྣམས་དུས་ཐོག་ཏུ་དམའ་སྲུང་རོགས་སྐྱོབ་ཀྱི་ཁྱབ་ཁོངས་སུ་བསྡུ་དགོས། ཞིང་སྡེའི་དམའ་སྲུང་རིམ་བཞིན་ཕྱིར་འཐེན་བྱེད་པའི་ལམ་ལུགས་ལག་ཏུ་བསྟར་དགོས་ལ། དབུལ་ཐར་འགག་སྒྲོལ་གྱི་དུས་ཡུན་ནང་དུ་རིམ་བཞིན་ཕྱིར་འཐེན་བྱེད་ཡུན་ལོ་1ལས་མི་ཉུང་བ་ཕྱིན་ཏེ། བརྟན་རླིང་ངང་དབུལ་ཕོངས་ལས་ཐར་རྗེས་མུ་མཐུད་དུ་དམའ་སྲུང་ཁྱབ་ཁོངས་ལས་ཕྱིར་འཐེན་པ་མངོན་འགྱུར་བྱ་དགོས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་བསྡུས་ཀྱིས་ཞབས་ཏོག་སྒྲུབ་པའི་དགོས་མཁོ་བསྐངས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། རིམ་བཞིན་ཞིང་སྡེའི་དམའ་སྲུང་དང་ཡོང་འབབ་ཉུང་བའི་ཁྱིམ་ཚང་ངམ་ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ལོ་ལོན་དང་དབང་བོ་སྐྱོན་ཅན་དག་ལ་གླ་དམའ་བའམ་ཡང་ན་གླ་མི་དགོས་པའི་གཅིག་བསྡུས་གསོ་བཅོལ་ཞབས་ཕྱི་འདོན་སྤྲོད་བྱ་དགོས། གནས་སྐབས་རོགས་སྐྱོར་ལམ་ལུགས་ཀྱི་མ་མཐའ་ཞབས་སྐྱོར་དང་འཚུབ་སེལ་དཀའ་སྐྱོབ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དབུལ་ཐར་མང་ཚོགས་དང་ཁྱིམ་ཚང་གི་ཐོལ་བྱུང་ཅན་དང་ཁ་ཚ་དགོས་གཏུག་ཅན། གནས་སྐབས་ཅན་གྱི་འཚོ་བའི་དཀའ་ངལ་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཏེ། “སྐྱོབ་དགོས་ཐམས་ཅད་སྐྱོབ་ཐབས”བྱ་དགོས།

(དགུ)བསམ་བློའི་དབུལ་སྐྱོར་གྱི་རྗེས་མཐུད་ཀྱི་སྲ་བརྟན་མཐོར་འདེགས་ལ་ཤུགས་སྣོན་བརྒྱག་དགོས། བསམ་བློའི་དབུལ་སྐྱོར་ཚོད་ལྟའི་གནས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་དང་། བསམ་བློའི་སློབ་གསོས་སྣེ་ཁྲིད་པར་ཤུགས་སྣོན་བརྒྱབ་སྟེ། དབུལ་ཐར་འགག་སྒྲོལ་གྱི་དྲང་ཕྱོགས་ཀྱི་མོས་མཐུན་གཅིག་བསྡུས་བྱ་དགོས། བློ་སྤོབས་རོགས་སྐྱོར་དང་ཤེས་རིག་རོགས་སྐྱོར་ལ་ཤུགས་བསྣན་ནས། དབུལ་ཕོངས་མི་རབས་སུ་བརྒྱུད་པའི་མཚམས་འགོག་ཅིང་གཅོད་དགོས། གོམས་སྲོལ་ངན་རྙིང་གི་རིགས་བསྒྱུར་ནས། གྲོང་གསེབ་ཏུ་དཔལ་ཡོན་ལྡན་པའི་ལུགས་སྲོལ་གསར་པ་སྤེལ་དགོས། ཆོས་ལུགས་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ། དད་ལྡན་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏང་དགོས། དབུལ་སྐྱོར་བྱེད་སྟངས་ཧུར་ཐག་གིས་བསྒྱུར་ནས། རྒུད་སྐྱོབ་ཀྱི་ཚབ་ཏུ་ལས་ཀ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། རྣམ་འགྱུར་ལས་གསོག་སྐར་སྟེར་བ་དང། གསོག་སྐར་དེ་དངོས་པོར་བརྗེ་བའི“གཅེས་སེམས་ཀུན་ཕན་སྒོ་རྩིས་ཚོང་ཁང”སོགས་རང་རོགས་རང་འདེགས་བྱེད་སྟངས་ཁྱབ་གདལ་དུ་གཏང་དགོས། དམའ་སྲུང་ཐ་སྐྱོང་ལ་དངུལ་སྨར་སྟེར་བ་མ་གཏོགས། དབུལ་སྐྱོར་བྱེད་ཐབས་གཞན་དག་ནི་དབུལ་ཕོངས་མང་ཚོགས་ཐེ་ཞུགས་བྱེད་ཚད་ལ་སྦྲེལ་དགོས་ཏེ། རྩ་དོན་སྟེང་དངུལ་དང་དངོས་པོ་ཐད་ཀར་སྟེར་མི་ཆོག། དཔེ་མཚོན་ཅན་གྱིས་སྣེ་ཁྲིད་པར་ཤུགས་སྣོན་པ་དང་། དབུལ་ཐར་གྱི་དཔེ་མཚོན་ཅན་སྤྱི་བསྡོམས་དང་དྲིལ་སྒྲོག་བྱས་ཏེ། ངལ་རྩོལ་ལ་བརྟེན་ནས་ཕྱུག་པོར་སྒྱུར་བ་དང་དབུལ་ཕོངས་ལས་ཐར་བ་གཟི་བརྗིད་དུ་བརྩི་བའི་ཁོར་ཡུག་ངང་ཚུལ་ལེགས་པོ་བསྐྲུན་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཡིད་རྟོན་དེ་ཡིད་རྟོན་ལྟ་སྐུལ་དོ་དམ་མ་ལག་ཏུ་བསྡུས་ནས། ཕ་མ་སྙོར་སྐྱོང་གི་འོས་འགན་མི་སྒྲུབ་པ་དང་དབུལ་སྐྱོར་མ་དངུལ་ཟོལ་ཞུ་རྫུས་ལེན་བྱེད་པ་སོགས་ཀྱི་བྱ་སྤྱོད་སྤེལ་ན་ཡིད་རྟོན་མེད་པའི་མི་ཡི་མིང་ཐོ་རུ་འགོད་དགོས། མང་ཚོགས་ཀྱིས་ཐོས་ན་དགའ་ཞིང་མཐོང་ན་སྤྲོ་བའི་དཔལ་ཡོན་ལག་ལེན་བྱེད་སྒོ་སྤེལ་ཅིང་། ཤེས་རིག་གིས་མི་ལ་གོ་བསྐོན་བྱེད་པ་གོམས་སྲོལ་ཏུ་བསྒྱུར་ནས། རོང་འབྲོག་པ་མང་ཚོགས་དབུལ་ལས་ཐར་ཞིང་ཕྱུག་པོར་གྱུར་ཐོག་འབྱོར་འབྲིང་གི་ལམ་དུ་འདུར་བར་རྒྱ་ཁྱབ་ཏུ་སྐུལ་སློང་བྱ་དགོས།

བཞི། ཞྭ་མོ་ཕུད་ཀྱང་རོགས་སྐྱོར་མི་ཕུད་པ།

(གཅིག)གནས་སྦྲེལ་རོགས་སྐྱོར་ལ་འགྱུར་བ་མེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས“འཐབ་ཁུལ”ལ་འགན་གཙང་འཁུར་བྱེད་པ་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་རྫོང་རག་ཏུ་གནས་སྦྲེལ་བའི་ལམ་ལུགས་མུ་མཐུད་དོན་འཁྱོལ་བྱེད་པ་དང་། གོང་གིས་འོག་སྣེ་ཁྲིད་དེ་གནས་སྦྲེལ་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་དང་དེའི་རྗེས་མཐུད་ཀྱི་སྲ་བརྟན་མཐོར་འདེགས་བྱ་བར་མཛུབ་སྟོན་བྱེད་པར་ཤུགས་སྣོན་བརྒྱད་ནས། ལོ་རེར་དམིགས་གཏད་རང་བཞིན་དྲག་པོ་ལྡན་ཞིང་བྱེད་ཐབས་དོན་ལ་གནས་པའི་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་1ཡན་ཆད་འགྲུབ་དགོས། ཞིང་ཆེན་རིམ་པའི་གནས་ངེས་རོགས་སྐྱོར་ལམ་ལུགས་མུ་མཐུད་དོན་འཁྱོལ་བྱེད་པ་དང་། ཏང་སྲིད་དམག་གསུམ་གྱི་ལས་ཁུངས་སོ་སོ་དང་ཁེ་ལས་དོན་ལས་སྡེ་ཚན་སོ་སོ་ནས་གནས་སྦྲེལ་སྡེ་བར་རོགས་སྐྱོར་མཛུབ་སྟོན་བྱེད་པར་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་སྟེ། མཉམ་དུ་སྲ་བརྟན་མཐོར་འདེགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ཏང་ཡོན་གྱིས་དབུལ་ཕོངས་ཁྱིམ་ཚང་ལ་ཆ་སྡེབ་རོགས་སྐྱོར་བྱེད་པའི་ལམ་ལུགས་མུ་མཐུད་དོན་འཁྱོལ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་དུས་ཡུན་ནང་དུ། རོགས་སྐྱོར་བྱེད་མཁན་ཏང་ཡོན་དང་རོགས་སྐྱོར་བྱ་ཡུལ་ཁྱིམ་ཚང་ཆ་བསྡེབས་པའི་འབྲེལ་བ་མི་འགྱུར་ཞིང་། སྟབས་བདེའི་ངང་དངུལ་དང་དངོས་པོ་བསྐྱལ་ནས་“འཚམས་འདྲིའི་ཚུལ”གྱི་རོགས་སྐྱོར་བྱེད་པ་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས།

(གཉིས)སྡེ་སྡོད་རོགས་སྐྱོར་ལ་འགྱུར་བ་མེད། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་ཁག་ནི་དབུལ་ཕོངས་ལས་ཐར་ཡང་འབྲེལ་བ་མི་ཆད་པ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་དུས་ཡུན་ནང་དུ་མུ་མཐུད་དུ་ལས་གནས་བརྟན་སྲུང་དང་། བྱ་བའི་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱས་ཐོག ། ལྷག་ལུས་ཀྱི་དབུལ་ཕོངས་མི་འབོར་དབུལ་ཕོངས་ལས་ཐར་བར་བྱེད་པའི་ལས་འགན་ཡོངས་སུ་འགྲུབ་དགོས་ལ། དབུལ་ཕོངས་ལས་ཐར་བའི་མི་འབོར་དབུལ་ཐར་བརྟན་པོ་ཡོང་བ་མངོན་འགྱུར་བྱ་དགོས། སྡེ་སྡོད་ལས་བྱེད་པ་དང་སྡེ་བའི་ཕྱུག་སྒྱུར་སྣེ་ཁྲིད་པ། ཏང་ཡོན། དང་བླངས་པ་བཅས་ཀྱི་དཔུང་སྡེ་འཛུགས་སྐྲུན་ལེགས་འཛིན་བྱས་ཏེ། ལས་ཡུལ་དང་པོའི་དབུལ་སྐྱོར་བྱ་བའི་སྟོབས་ཤུགས་གྲ་རྒྱས་པ་བྱ་དགོས། ཏང་གི་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་བྱ་བ་སྐུལ་སྤེལ་བྱེད་ཅིང་། སྡེ་བའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་ལེགས་འདེམས་ཧྲག་སྡེབ་བྱས་ཏེ། “བུད་མི་འགྲོ་བའི་དབུལ་སྐྱོར་ལས་བྱེད་རུ་ཁག”ཅིག་བསྐྲུན་དགོས།

(གསུམ)མཉམ་ལས་རོགས་སྐྱོར་ལ་འགྱུར་བ་མེད། དབུལ་སྐྱོར་ཆགས་སྟངས་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། ཤར་རྒྱུད་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོབ། ཀྲུང་དབྱང་གི་གནས་ངེས་རོགས་སྐྱོར་བཅས་གཙོ་གནད་བཟུང་ཞིང་། ཐོན་ལས་ཀྱི་སྐུལ་ཁྲིད་དང་ལས་ཞུགས་ཀྱི་ཡོང་འབབ་འཕར་སྣོན་འབུར་དུ་ཐོན་པ་དང་། ཚོང་འགུགས་དངུལ་འདྲེན་དང་ལས་གཞི་དངོས་འབེབས་འབུར་དུ་ཐོན་པ། འཇོན་མི་བརྗེ་རེས་དང་རིག་སྟོབས་ནང་འདྲེན་འབུར་དུ་ཐོན་པ། ལག་སྦྲེལ་ཆ་བསྡེབས་དང་སྤྱི་ཚོགས་ཐེ་ཞུགས་འབུར་དུ་ཐོན་པ་བཅས་བྱས་ནས། རིགས་མི་འདྲ་བའི་རོགས་སྐྱོར་ལས་གཞི་ལག་བསྟར་གང་ལེགས་བྱས་ཏེ། དབུལ་ཐར་གྱི་སྤུས་ཚད་གོམ་ཁ་བརྟན་པོར་མཐོར་འདེགས་སུ་གཏང་དགོས། ཁེ་ལས་སྔར་བས་མང་པོ་“ཁེ་ལས་བརྒྱ་དང་ཁྱིམ་བརྒྱ་སྦྲེལ་ཞིང་། ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་སྐྱོར་བ”ཡི་གནད་ཁེལ་དབུལ་སྐྱོར་འགུལ་སྐྱོད་དུ་ཞུགས་པར་རྩ་འཛུགས་དང་སྐུལ་སློང་བྱ་དགོས། “ཀྲུང་གོའི་སྤྱི་ཚོགས་དབུལ་སྐྱོར་དྲ་བ”ཡི་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་སྟེང་གི་མི་སྣ་གཅེས་སེམས་ཅན་དག་གིས་དབུལ་ཐར་གྱི་རྗེས་མཐུད་རོགས་སྐྱོར་བྱ་བར་ཟབ་ཞུགས་བགྱིད་པར་བསྟོད་སྐུལ་དང་ཁྲིད་སྟོན་བྱ་དགོས།

ལྔ། ཞྭ་མོ་ཕུད་ཀྱང་ལྟ་སྐུལ་དོ་དམ་མི་ཕུད་པ།

(གཅིག)དབུལ་པོར་བསྐྱར་ལོག་ལ་འགུལ་རྣམ་ལྟ་འཇལ་བྱེད་པར་ཤུགས་སྣོན་བརྒྱག་དགོས། འགུལ་རྣམ་ལྟ་འཇལ་དེ་དབུལ་པོ་བསལ་བཤེར་བྱེད་པ་དང་དབུལ་པོར་བསྐྱར་ལོག་གི་ཉེན་བརྡ་གཏོང་བའི་ཐབས་ཤེས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞྭ་མོ་ཕུད་ཟིན་པའི་རྫོང་སོ་སོར་དབུལ་པོར་བསྐྱར་ལོག་གི་ལྟ་འཇལ་གནས་བཙུགས་ནས། དབུལ་ཐར་མང་ཚོགས་དང་ལྷག་པར་དུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་ལས་ཡོང་འབབ་ཅུང་མཐོ་བའི་མཐའ་འདབས་མང་ཚོགས་རྣམས་ལྟ་འཇལ་བསལ་བཤེར་གྱི་ཁྱབ་ཁོངས་སུ་བསྡུ་དགོས་ལ། “དབུལ་ལས་ཐར་ཚེ་འཕྲལ་དུ་འཐེན། དབུལ་པོར་ལོག་ཚེ་འཕྲལ་དུ་བསྡུ། ནང་འཇུག་དགོས་པ་ནང་དུ་འཇུག ། རོགས་སྐྱོར་དགོས་པར་རོགས་སྐྱོར་བྱ”ཞེས་པའི་རྩ་དོན་ལྟར། བསྐྱར་དུ་དབུལ་པོར་ལོག་པ་དང་གསར་དུ་འཕར་བའི་དབུལ་ཕོངས་ཅན་དག་དུས་ཐོག་ཏུ་མ་ལག་དོ་དམ་དུ་བསྡུ་དགོས་ལ། ཆེད་མིས་རོགས་སྐྱོར་བྱེད་པ་དོན་ཐོག་འཁྱོལ་དགོས། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རྒྱལ་ཡོངས་དབུལ་སྐྱོར་གསར་སྤེལ་ཆ་འཕྲིན་མ་ལག་ལ་བརྟེན་ནས། བེད་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད་པ་དང། སྡེ་ཁག་བར་གྱི་ཆ་འཕྲིན་མཉམ་སྦྲེལ་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། རོང་འབྲོག་ཁུལ་གྱི་དབུལ་ཕོངས་སྡོམ་རྩིས་ལྟ་འཇལ་མ་ལག་འཛུགས་སྐྱོང་དང་། མ་བསྒྲུབ་སྔོན་ལ་ཉེན་བརྡ་དང་། སྒྲུབ་པའི་དུས་སུ་ལྟ་སྐུལ་ཚོད་འཛིན། བསྒྲུབས་པའི་རྗེས་སུ་དཔྱད་འཇོག་བཅས་བྱེད་པའི་གནད་ཁེལ་དབུལ་སྐྱོར་གྱི་དོ་དམ་རྐྱེན་སྲོལ་འཛུགས་དགོས།

(གཉིས)དབུལ་སྐྱོར་རྒྱུ་ནོར་ལ་དོ་དམ་ནན་ཏན་བྱ་དགོས། ཞིང་ཆེན་ཡོངས་སུ་དབུལ་སྐྱོར་རྒྱུ་ནོར་ལ་ཕུགས་རྙབ་གྲལ་བཤེར་བྱེད་པ་དང་། དབུལ་སྐྱོར་རྒྱུ་ནོར་གྱི་སྟེགས་ཐོ་བཟོ་དགོས། དབུལ་སྐྱོར་རྒྱུ་ནོར་ཐོ་འགོད་དང་ཐོན་དབང་གཏོགས་ཡུལ། ཚོང་གཉེར་དོ་དམ། ཁེ་སྤོགས་བཀོལ་སྤྱོད་དང་བགོ་བཤའ། རྒྱུ་ནོར་ཐག་གཅོད་སོགས་འབྲེལ་ཡོད་ཀྱི་དོ་དམ་ལམ་ལུགས་ཞིབ་འཇུག་བྱས་ཏེ་གཏན་ལ་འབེབས་པ་དང་། དབུལ་སྐྱོར་རྒྱུ་ནོར་ལ་དོ་དམ་ལག་བསྟར་བྱེད་ཐབས་གཏན་ལ་ཕབ་སྟེ། ཐོན་དབང་གསལ་བོ་དང་། ཚོང་གཉེར་ཚད་ལྡན། བགོ་བཤའ་ལུགས་མཐུན། ཁེ་ཕན་མཐོ་ཤོས་བཅས་ཡོང་བ་བྱ་དགོས། དབུལ་སྐྱོར་རྒྱུ་ནོར་ལ་རིགས་དབྱེ་དོ་དམ་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། བདག་གཉེར་རང་བཞིན་གྱི་རྒྱུ་ནོར་ལ་ཚན་རིག་དང་མཐུན་པར་ཚོང་གཉེར་བྱས་ནས་ཁེ་སྤོགས་སྲུང་འཛིན་བྱ་དགོས་པ་དང། རྨང་གཞིའི་སྒྲིག་བཀོད་རིགས་ཀྱི་རྒྱུ་ནོར་ལ་དོ་དམ་བདག་སྐྱོང་འགན་འཁྲི་དང་གྲོན་དངུལ་འགན་སྲུང་ནན་ཏན་བྱས་ནས། དབུལ་སྐྱོར་རྒྱུ་ནོར་ལ་དངོས་གནས་དོ་དམ་ལེགས་རྒྱག་ཅིང་བེད་སྤྱོད་ལེགས་པོ་བཏང་སྟེ། དེའི་ཁེ་ཕན་རྒྱུན་མཐུད་ངང་འདོན་སྤེལ་བྱ་དགོས།

(གསུམ)སྤྱོད་ཚུལ་ལ་ཆེད་དམིགས་བཅོས་སྐྱོང་བྱ་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱེད་པ་དེ་དབུལ་ཐར་འགག་སྒྲོལ་དང་སྲ་བརྟན་མཐོར་འདེགས་ཀྱི་བརྒྱུད་རིམ་ཡོངས་སུ་སྟར་ལ་བརྒྱུས་ཏེ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་བཀག་འགོག་དང་ཡོ་བསྲང་བྱ་དགོས། ལས་གཞིའི་ཞིབ་བཤེར་མཆན་འགོད་དང། ལས་གྲྭའི་དམིགས་འགུགས་དམིགས་འཇོག་དང་འཛུགས་སྐྲུན། མ་དངུལ་འཁོར་རྒྱུག་སོགས་ཀྱི་གནད་འགག་བར་ཚིགས་ལ་ལྟ་རྟོག་ནན་མོ་བྱས་ཏེ། བཟའ་ཁྱེར་བཀག་ལེན་དང། བཤུ་གཞོག་འཐེན་གཅོག ཉེ་གྲོགས་ལ་རྩིས་ཆེ། ངན་ནག་ལ་འབྲེལ་བ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་རྩད་གཅོད་བྱ་དགོས། སྐུལ་འདེབས་དང་གཅུན་སྡོམ་གཉིས་ཀ་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། “དབྱེ་བ་འབྱེད་པ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྒྲིག་ཁྲིམས་ལག་བསྟར་སྐོར་གྱི་“འཛིན་སྟངས་རིགས་བཞི”བཀོལ་སྤྱོད་ལེགས་པོ་བྱས་ཏེ། གཞི་རིམ་ལས་བྱེད་པའི་བྱ་བ་སྒྲུབ་པ་དང་ལས་ལམ་གཏོད་པའི་ཡར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་ལ་སྐུལ་སློང་དང་སྲུང་སྐྱོབ་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་ལས་བྱེད་པར་རིགས་དང་རིམ་པ་ཕྱེ་ནས་གསོ་སྦྱོང་བྱེད་པའི་བྱ་བ་རྒྱུན་མཐུད་ངང་སྐུལ་སྤེལ་བྱས་ཏེ། རིམ་པ་སོ་སོའི་ལས་བྱེད་པའི་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་སྒྲོལ་གྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏང་དགོས།

(བཞི)ལྟ་སྐུལ་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་དགོས། སྒྲིག་བཤེར་ལྟ་ཞིབ་དང། རྩིས་བཤེར། དབུལ་སྐྱོར་སོགས་ཀྱི་སྡེ་ཁག་གི་ཕྱོགས་བསྡུས་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྐོར་ཞིབ་སྐོར་བཤེར་དང་ལྟ་སྐུལ་ཞིབ་བཤེར། མངོན་གསལ་རྟོག་ཞིབ་དང་མངོན་ཆུང་རྩད་གཅོད། དཔྱད་ཞིབ་གདེང་འཇོག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ས་ཁུལ་སོ་སོའི་སྡེ་ཁག་སོ་སོས་སྲ་བརྟན་འགན་འཁྲི་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་ལྟ་སྐུལ་བྱ་དགོས། ལས་རིགས་སྡེ་ཁག་སོ་སོས་སྡེ་ཁག་གི་ལྟ་སྐུལ་དོ་དམ་ལས་འགན་དོན་འཁྱོལ་ནན་མོ་བྱས་ཏེ། དབུལ་ཐར་སྲ་བརྟན་ལ་སྐུལ་འདེད་བྱེད་པ་དེ་ཉིན་རྒྱུན་གྱི་དོ་དམ་དང་ལས་སྒོའི་ཁྲོད་དུ་འདྲེས་སུ་བཅུག་ནས། འགན་འཁྲི་དབྱེ་བགོད་དང། ཞིབ་བཤེར་སྐུལ་སྟོན། ལྡོག་བཤེར་རྩད་ཞིབ་བཅས་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་སྦྲེལ་རྡང་ཆ་ཚང་བ་ཆགས་སུ་འཇུག་དགོས། རིམ་པའི་སོ་སོའི་དམངས་འཐུས་ཚོགས་ཆེན་དང་སྲིད་གྲོས། དམངས་གཙོ་ཏང་ཁག་བཅས་དབུལ་ཐར་འགག་སྒྲོལ་དང་རྗེས་མཐུད་སྲ་བརྟན་གྱི་ལས་ལ་ཞུགས་པར་ཧུར་ཐག་གིས་སྐུལ་མ་བཏང་སྟེ། ནན་ཏན་སྒོས་དཔྱད་འཇོག་དང་ལྟ་སྐུལ་བྱེད་པ་དང་། ཧུར་ཐག་གིས་གྲོས་གཞི་དང་ཐབས་ཇུས་འདོན་དགོས། དབུལ་ཕོངས་མང་ཚོགས་ཀྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག་གང་ལེགས་བྱེད་པ་དང། འབྲེལ་ལམ་གེགས་མེད་ཀྱི་ངང་དུ་སྒོ་ཕྱེ་ནས་གསལ་འདེབས་དང་ལེན་བགྱིས་ཏེ། མང་ཚོགས་ཐུན་མོང་གི་བློ་གྲོས་ལ་བརྟེན་ནས་རྗེས་མཐུད་སྲ་བརྟན་གྱི་བྱ་བར་སྐུལ་སྤེལ་བྱ་དགོས། སྨྱན་བྱད་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་ལུགས་མཐུན་དྲང་བདེན་གྱི་ངང་དུ། ཏང་ཨུ་དང་སྲིད་གཞུང་གི་ཁ་ཕྱོགས་མཐུན་པར་ཤུགས་བརྒྱབ་ནས། མཉམ་དུ་དབུལ་ཐར་གྱི་རྗེས་མཐུད་སྲ་བརྟན་གྱི་བྱ་བར་སྐུལ་འདེད་བྱ་དགོས།

དྲུག། འབྲེལ་ཡོད་ཀྱི་བླང་བྱ།

(གཅིག)འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱ་དགོས། གྲོང་ཁྱེར་(ཁུལ)དང་རྫོང་(གྲོང་ཁྱེར་རམ་ཆུས)སོ་སོས་དོན་དངོས་དང་སྦྱར་ནས་རྗེས་མཐུད་སྲ་བརྟན་ཡོང་ཐབས་ཀྱི་ཇུས་གཞི་ཞིབ་ཕྲ་གཏན་ལ་དབབ་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་འགྲོས་རིམ་བཀོད་སྒྲིག་དང་ལས་གཞི་དངོས་འབེབས། མ་དངུལ་བཀོལ་སྤྱོད། མི་ཤུགས་སྡེབ་སྒྲིག ། ལག་བསྟར་སྐུལ་འདེད་སོགས་ཀྱི་བྱ་བ་གཅིག་གྱུར་བཀོད་འདོམས་ངང་ལེགས་པོར་སྒྲུབ་པ་དང་། ལོ་རེར་རིམ་པ་གོང་མའི་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་ལ་རྗེས་མཐུད་སྲ་བརྟན་གྱི་འཆར་གཞི་དང་བྱ་བ་ལག་བསྟར་བྱས་པའི་གནས་ཚུལ་ཞུ་འབུལ་བྱ་དགོས།

(གཉིས)དཔྱད་ཞིབ་གདེང་འཇོག་ལ་ཤུགས་སྣོན་བརྒྱག་དགོས། ས་གནས་སོ་སོས་དབུལ་ཐར་འགག་སྒྲོལ་གྱི་རྗེས་མཐུད་སྲ་བརྟན་གྱི་བྱ་བ་བསྒྲུབས་པའི་གནས་ཚུལ་ནི། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གཅིག་སྒྲིལ་གྱིས་ལོ་འཁོར་དེའི་གྲོང་ཁྱེར་(ཁུལ)དང་རྫོང་(གྲོང་ཁྱེར་རམ་ཆུས)གི་ཏང་ཨུ་དང་སྲིད་གཞུང་གིི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་ཞིབ་གྱི་ནང་དོན་དུ་བསྡུ་རྒྱུ་ཡིན་ལ། ཞྭ་མོ་ཕུད་པའི་རྫོང་དང་ཞྭ་མོ་ཕུད་རྩིས་ཡོད་པའི་རྫོང་དག་ལ་རིགས་ཕྱེ་ནས་ཨང་རིམ་སྒྲིག་ཅིིང་། འགག་སྒྲོལ་འགན་འཁྲི་སྔར་བས་ནན་འཇོག་བྱས་ཏེ། སྲ་བརྟན་མཐོར་འདེགས་ཀྱི་བྱ་བ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱ་དགོས།

(གསུམ)འཚོལ་ཞིབ་དང་གསར་གཏོད་བྱེད་པར་སྐུལ་མ་གཏང་དགོས། དབུལ་ཐར་གྱི་རྗེས་མཐུད་སྲ་བརྟན་བྱ་བའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་སོ་སོས་དོན་དངོས་དང་སྦྱར་ནས་ཉམས་མྱོང་ལེགས་པོ་དང་སྒྲུབ་ཐབས་ལེགས་པོ་འཚོལ་ཞིབ་བྱེད་པར་སྐུལ་མ་གཏང་དགོས་ལ། དུས་ཐོག་ཏུ་སྤྱི་བསྡོམས་དང་དྲིལ་སྒྲོག་དང་ཁྱབ་གདལ་བཏང་ནས། དབུལ་ཐར་གྱི་རྗེས་མཐུད་སྲ་བརྟན་གྱི་ཕན་འབྲས་རྒྱུན་མི་ཆད་པར་མཐོར་འདེགས་སུ་གཏང་དགོས། །