ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ།


ཨང715བ།

ད་ལྟ《བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་བྱེད་ཐབས》ཁྱབ་སྒྲོག་བྱས་པ་བཞིན2019ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས།

ཙུང་ལི། ལི་ཁེ་ཆང་ནས།

2019ལོའི་ཟླ4བའི་ཚེས22ཉིན།

བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་བྱེད་ཐབས།

དོན་ཚན་དང་པོ། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོང་བྱེད་པ། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་འགན་སྲུང་བཅས་བྱེད་ཆེད། བྱེད་ཐབས་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། བྱེད་ཐབས་འདི་ལས་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཞེས་པ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་ཕབ་གཞིར་བཟུང་ནས་བེད་མེད་དུ་གཏང་དགོས་པའི་འཕྲུལ་སྒུལ་འཁོར་ལོ་ལ་བསྟན་པ་ཡིན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ལས་གཏན་ལ་ཕབ་པའི་བེད་མེད་དུ་གཏང་དགོས་པའི་འཕྲུལ་སྒུལ་འཁོར་ལོའི་གྲས་སུ་མི་གཏོགས་ཤིང་། འཕྲུལ་སྒུལ་འཁོར་ལོའི་བདག་པོས་རང་འདོད་ཀྱིས་བེད་མེད་དུ་གཏོང་བ་ལ་བྱེད་ཐབས་འདིའི་གཏན་ཕབ་ལྟར་ལག་བསྟར་བྱ་དགོས།

དོན་ཚན་གསུམ་པ། རྒྱལ་ཁབ་ཀྱིས་ཁྱབ་ཁོངས་དམིགས་བསལ་ཅན་གྱི་འཕྲུལ་སྒུལ་འཁོར་ལོ་རྙིང་བ་སྔ་རོལ་དུ་བེད་མེད་དུ་བཏང་ནས་གསར་བར་བརྗེ་བར་སྐུལ་བསྟོད་བྱ་དགོས་ལ། བྱེ་བྲག་གི་བྱེད་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ལོགས་སུ་གཏན་འབེབས་བྱ་རྒྱུ།

དོན་ཚན་བཞི་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར)ལྷུ་ལག་གཏོར་བ་འདུ། གཤམ་དུ་འདི་དང་འདྲ།(ལྟ་སྐུལ་དོ་དམ་བྱ་བ་གཙོ་གཉེར་བྱེད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་དང་སྐྱེ་ཁམས་ཁོར་ཡུག བཟོ་ལས་དང་ཆ་འཕྲིན་ཅན། འགྲིམ་འགྲུལ་སྐྱེལ་འདྲེན། ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་རང་རང་གི་འགན་འཁྲིའི་ཁྱབ་ཁོངས་ནང་དུ་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་འབྲེལ་ཡོད་ཀྱི་ལྟ་སྐུལ་དོ་དམ་བྱ་བའི་འགན་འཁུར་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་བྱེད་སྒོར་ལྟ་སྐུལ་དོ་དམ་བྱ་དགོས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སྤྱི་བདེ་དང་སྐྱེ་ཁམས་ཁོར་ཡུག བཟོ་ལས་དང་ཆ་འཕྲིན་ཅན། འགྲིམ་འགྲུལ་སྐྱེལ་འདྲེན། ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་རང་རང་གི་འགན་འཁྲིའི་ཁྱབ་ཁོངས་ནང་དུ་སྲིད་འཛིན་ས་ཁོངས་དེ་གའི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་བྱེད་སྒོར་འབྲེལ་ཡོད་ཀྱི་ལྟ་སྐུལ་དོ་དམ་བྱ་དགོས།

དོན་ཚན་ལྔ་བ། རྒྱལ་ཁབ་ཀྱིས་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ལ་ཐོབ་ཐང་ངོས་ལེན་ལམ་ལུགས་ལག་བསྟར་བྱ་དགོས། ཐོབ་ཐང་ངོས་ལེན་མ་བྱས་ན་སྡེ་ཚན་ནམ་མི་སྒེར་གང་ཞིག་གིས་ཀྱང་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་བྱེད་སྒོ་སྤེལ་མི་རུང་།

རྒྱལ་ཁབ་ཀྱིས་འཕྲུལ་སྒུལ་འཁོར་ལོ་ཐོན་སྐྱེད་ཁེ་ལས་ཀྱིས་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་བྱེད་སྒོ་སྤེལ་བར་སྐུལ་བསྟོད་བྱ་དགོས། འཕྲུལ་སྒུལ་འཁོར་ལོ་ཐོན་སྐྱེད་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཕབ་ལྟར་ཐོན་སྐྱེད་བྱེད་མཁན་གྱི་འགན་འཁྲི་འཁུར་དགོས།

དོན་ཚན་དྲུག་པ། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཀྱི་ཐོབ་ཐང་ངོས་ལེན་པར་གཤམ་གསལ་གྱི་ཆ་རྐྱེན་འཛོམ་དགོས་ཏེ།

(གཅིག)ཁེ་ལས་ཀྱི་ཁྲིམས་མིའི་ཐོབ་ཐང་ལྡན་པ།

(གཉིས།)ཁོར་ཡུག་སྲུང་སྐྱོང་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། ཅིས་ཀྱང་ལག་ཏུ་བསྟར་དགོས་པའི་ཚད་གཞིའི་བླང་བྱ་བཅས་དང་མཐུན་པའི་གསོག་ཉར་དང་ལྷུ་ལག་གཏོར་སའི་གནས་དང་། ལྷུ་ལག་གཏོར་བྱེད་སྒྲིག་ཆས་དང་སྒྲིག་བཀོད། ལྷུ་ལག་གཏོར་བའི་ཚད་གཞི་བཅས་ལྡན་པ།

(གསུམ།)བེད་མེད་འཕྲུལ་སྒུལ་འཁོར་ལོའི་ལྷུ་ལག་གཏོར་བའི་བྱེད་སྒོ་དང་མཐུན་པའི་ཆེད་ལས་ལག་རྩལ་མི་སྣ་ཡོད་པ།

དོན་ཚན་བདུན་པ། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་བྱེད་སྒོ་སྤེལ་གྲབས་ཡོད་ན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་ལ་རེ་འདུན་ཞུ་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་ཁྲིམས་ལྟར་ཞིབ་བཤེར་བྱས་ནས། ཆ་རྐྱེན་དང་མཐུན་པ་དག་ལ་ཐོབ་ཐང་ངོས་ལེན་དཔང་ཡིག་སྟེར་དགོས་ལ། ཆ་རྐྱེན་དང་མི་མཐུན་པ་དག་ལ་ཐོབ་ཐང་ངོས་ལེན་མི་བྱེད་པ་མ་ཟད། ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱ་དགོས།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་རྩིས་འཁོར་དྲ་རྒྱ་སོགས་སྔོན་ཐོན་ལག་རྩལ་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ནས། དྲ་ཐོག་ཏུ་རེ་འདུན་ཞུ་བ་དང་དང་དུ་ལེན་པ་སོགས་ཀྱི་བྱེད་སྟངས་ཁྱབ་སྤེལ་བྱས་ཏེ། རེ་འདུན་ཞུ་མཁན་ལ་སྟབས་བདེའི་ཆ་རྐྱེན་བསྐྲུན་དགོས། རེ་འདུན་ཞུ་མཁན་གྱིས་དྲ་ཐོག་ཏུ་རེ་འདུན་ཞུ་ཆོག

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་ཐོབ་ཐང་བླངས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ཀྱི་མིང་ཐོ་སྤྱི་ཚོགས་ལ་དུས་ཐོག་ཏུ་ཁྱབ་སྒྲོག་བྱ་དགོས།

དོན་ཚན་བརྒྱད་པ། སྡེ་ཚན་ནམ་མི་སྒེར་གང་ཞིག་གིས་ཀྱང་འཕྲུལ་སྒུལ་འཁོར་ལོའི་བདག་པོར་བེད་མེད་འཕྲུལ་སྒུལ་འཁོར་ལོ་དམིགས་འཛུགས་བྱས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ལ་སྤྲོད་འཚོང་བྱ་དགོས་པའི་བླང་བྱ་འདོན་མི་ཆོག

དོན་ཚན་དགུ་བ། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ཀྱིས་ཕྱིར་བསྡུས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོའི་བདག་པོར《བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་དཔང་ཡིག》སྟེར་བ་དང་། འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་ལག་ཁྱེར་དང་ཨང་རྟགས། བགྲོད་སྐྱོད་ལག་ཁྱེར་བཅས་ཕྱིར་ལེན་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཕབ་ལྟར་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ཏུ་ཐོ་ཁོངས་ནས་བསུབ་དགོས་པ་དང་། ཐོ་བསུབས་བདེན་དཔང་དེ་འཕྲུལ་སྒུལ་འཁོར་ལོའི་བདག་པོར་བརྒྱུད་སྤྲོད་བྱ་དགོས།

《བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་དཔང་ཡིག》གི་མ་དཔེ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་གཏན་ཁེལ་བྱ་དགོས། སྡེ་ཚན་ནམ་མི་སྒེར་གང་ཞིག་གིས་ཀྱང《བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་དཔང་ཡིག》ཉོ་ཚོང་དང་རྫུན་བཟོ། སྒྱུར་བཟོ་བཅས་བྱ་མི་རུང་།

དོན་ཚན་བཅུ་བ། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ཀྱིས་ཕྱིར་བསྡུས་ པའི་བེད་མེད་འཕྲུལ་སྒུལ་འཁོར་ལོ་རེ་རེ་བཞིན་ལ་འཕྲུལ་སྒུལ་འཁོར་ལོའི་བཟོ་དབྱིབས་དང་ཨང་རྟགས་ཨང་གྲངས། སྒུལ་བྱེད་འཕྲུལ་འཁོར་གྱི་ཨང་རྟགས། འཁོར་ལོ་དབྱེ་འབྱེད་ཚབ་གྲངས་སོགས་ཀྱི་ཆ་འཕྲིན་ཐོ་འགོད་བྱ་དགོས། ཕྱིར་བསྡུས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ནི་བརྐུས་ཟོག་གམ་རྐུ་ཁྱེར་དང་འཕྲོག་བཅོམ་སོགས་ཉེས་བསགས་སྤྱོད་ངན་ཐད་བཀོལ་བའི་ཡོ་བྱད་ཡིན་པར་དོགས་པ་ཡོད་པའི་རིགས་མཐོང་ཚེ། དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་ཞུ་འབུལ་བྱ་དགོས།

བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ཀྱིས་བརྐུས་ཟོག་གམ་ཉེས་བསགས་ཡོ་བྱད་ཡིན་པར་དོགས་ཡོད་ཀྱི་འཕྲུལ་སྒུལ་འཁོར་ལོའམ་དེའི་སྒུལ་བྱེད་འཕྲུལ་འཁོར་དང་ཕྱོགས་སྒྱུར་འཕྲུལ་འཁོར། མྱུར་ཚད་སྒྱུར་ཆས། རྒྱབ་མདུན་གྱི་གདང་བུ། འཁོར་ལོའི་གདང་བུ(གཤམ་དུ“འདུས་གྲུབ་ཆེན་མོ་ལྔ”ཞེས་བསྡུས་ཡོད)དང་ལྷུ་ལག་གཞན་དག་གཏོར་བ་དང་བཅོས་སྒྲིག སྒྲིག་སྦྱོར། ལོག་འཚོང་རྒྱག་པ་སོགས་བྱ་མི་རུང་།

དོན་ཚན་བཅུ་གཅིག་པ། ཕྱིར་བསྡུས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོ་དག་ལ་ངེས་པར་དུ་འབྲེལ་ཡོད་གཏན་ཕབ་ལྟར་ལྷུ་ལག་གཏོར་དགོས་ལ། ཕྱིར་བསྡུས་པའི་ཁྲོད་ཀྱི་བེད་མེད་མགྲོན་འཁོར་ཆེ་གྲས་དང་ཟོང་འཁོར་སོགས་གཉེར་སྐྱོང་འཁོར་ལོ་དང་སློབ་གྲྭའི་རླངས་འཁོར་དག་སྤྱི་བདེ་ལས་ཁུངས་ཀྱི་ལྟ་སྐུལ་འོག་ཏུ་ལྷུ་ལག་གཏོར་དགོས།

དོན་ཚན་བཅུ་གཉིས་པ། ལྷུ་ལག་གཏོར་བའི་བེད་མེད་འཕྲུལ་སྒུལ་འཁོར་ལོའི“འདུས་གྲུབ་ཆེན་མོ་ལྔ”ལ་ཡང་བསྐྱར་བཟོ་སྐྲུན་གྱི་ཆ་རྐྱེན་འཛོམས་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཕབ་ལྟར་ཡང་བསྐྱར་བཟོ་སྐྲུན་བྱེད་ནུས་ལྡན་པའི་ཁེ་ལས་ལ་བཙོངས་ནས་ཡང་བསྐྱར་བེད་སྤྱད་དེ་བཟོ་སྐྲུན་བྱས་ཆོག ཡང་བསྐྱར་བཟོ་སྐྲུན་གྱི་ཆ་རྐྱེན་མི་འཛོམས་ན། བེད་མེད་ལྕགས་རིགས་སུ་བརྩིས་ནས་ངར་ལྕགས་ཁེ་ལས་ལ་བཙོངས་ཏེ་བཙོ་སྦྱང་རྒྱུ་ཆར་བཀོལ་དགོས།

ལྷུ་ལག་གཏོར་བའི་བེད་མེད་འཕྲུལ་སྒུལ་འཁོར་ལོའི“འདུས་གྲུབ་ཆེན་མོ་ལྔ”ལས་གཞན་པའི་ལྷུ་ལག་དག་མི་ལུས་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་པ་སོགས་ཅིས་ཀྱང་ལག་ཏུ་བསྟར་དགོས་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་ཞིང་། མུ་མཐུད་དུ་བེད་སྤྱད་ཆོག་ན་ཕྱིར་འཚོང་ཆོག འོན་ཀྱང“བེད་མེད་འཕྲུལ་སྒུལ་འཁོར་ལོའི་ཕྱིར་བསྡུས་ལྷུ་ལག”ཅེས་གསལ་པོར་དགོད་དགོས།

དོན་ཚན་བཅུ་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཆ་འཕྲིན་མ་ལག་གཟུགས་དགོས། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ཀྱིས་ཕྱིར་བསྡུས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོའི“འདུས་གྲུབ་ཆེན་མོ་ལྔ”སོགས་ལྷུ་ལག་གཙོ་བོའི་གྲངས་ཚད་དང་བཟོ་དབྱིབས། འགྲོ་ཕྱོགས་སོགས་ཆ་འཕྲིན་ཇི་མ་ཇི་བཞིན་ཟིན་ཐོར་དགོད་དགོས་པ་མ་ཟད། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཆ་འཕྲིན་མ་ལག་ཏུ་བསྐུར་དགོས།

བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་དང་སྤྱི་བདེ་ལས་ཁུངས་ཀྱིས་སྲིད་དོན་ཆ་འཕྲིན་མ་ལག་ལ་བརྟེན་ནས་ཆ་འཕྲིན་མཉམ་དུ་སྤྱོད་པ་མངོན་འགྱུར་བྱ་དགོས།

དོན་ཚན་བཅུ་བཞི་བ། བེད་མེད་འཕྲུལ་སྒུལ་འཁོར་ལོའི་ལྷུ་ལག་གཏོར་དུས་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་སྲོལ། ཅིས་ཀྱང་ལག་ཏུ་བསྟར་དགོས་པའི་ཚད་གཞི་བརྩི་སྲུང་བྱེད་པ་དང་། ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཁོར་ཡུག་སྲུང་སྐྱོང་བྱེད་པ་ལས་ཁོར་ཡུག་ལ་སྦགས་བཙོག་བཟོ་མི་ཆོག

དོན་ཚན་བཅོ་ལྔ་བ། སྡེ་ཚན་ནམ་མི་སྒེར་གང་ཞིག་གིས་ཀྱང་བེད་མེད་འཕྲུལ་སྒུལ་འཁོར་ལོའི“འདུས་གྲུབ་ཆེན་མོ་ལྔ”དང་ལྷུ་ལག་གཞན་དག་སྤྱད་དེ་འཕྲུལ་སྒུལ་འཁོར་ལོ་སྒྲིག་སྦྱོར་བྱ་མི་རུང་ལ། སྒྲིག་སྦྱོར་བྱས་པའི་འཕྲུལ་སྒུལ་འཁོར་ལོ་ཉོ་ཚོང་བྱ་མི་ཆོག

འཕྲུལ་སྒུལ་འཁོར་ལོའི་བདག་པོས་བེད་མེད་འཕྲུལ་སྒུལ་འཁོར་ལོ་དག་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ལ་ཁྲིམས་ལྟར་སྤྲོད་འཚོང་བྱེད་པ་ལས་གཞན། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཧྲིལ་པོ་ཉོ་ཚོང་བྱ་མི་ཆོག

དོན་ཚན་བཅུ་དྲུག་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྐབས་བསྟུན་འཐེན་ཞིབ་གཙོ་གནད་དུ་འཛིན་པའི་རྒྱུན་ལྡན་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་བཙུགས་ཐོག འཐེན་ཞིབ་དོན་ཚན་གྱི་དཀར་ཆག་ཁྱབ་སྒྲོག་དང་། འཐེན་ཞིབ་ཀྱི་གཞི་འཛིན་ས་དང་ཐེངས་གྲངས། བྱེད་སྟངས། ནང་དོན། གོ་རིམ་བཅས་ངེས་གསལ་བྱས་ནས། ཞིབ་བཤེར་བྱ་ཡུལ་ཁེ་ལས་སྐབས་བསྟུན་གྱིས་བདམས་ཏེ་ཞིབ་བཤེར་པ་སྐབས་བསྟུན་གྱིས་འདེམས་མངག་བྱ་དགོས། འཐེན་ཞིབ་གནས་ཚུལ་དང་ཞིབ་གཅོད་བྱས་འབྲས་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་སྒྲོག་བྱ་དགོས།

ལྟ་སྐུལ་ཞིབ་བཤེར་ཁྲོད་དུ་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ལ་བྱེད་ཐབས་འདིའི་ནང་གཏན་ལ་ཕབ་པའི་ཐོབ་ཐང་ངོས་ལེན་ཆ་རྐྱེན་མི་འཛོམས་པ་ཤེས་ན། དུས་བཅད་ལྟར་ཡོ་བསྲང་བྱེད་དུ་འཇུག་དགོས། ཡོ་བསྲང་གཏན་ནས་མི་བྱེད་པའམ་དུས་བཅད་ལས་བརྒལ་ནས་ཡོ་བསྲང་མ་བྱས་ན། ཐོག་མའི་དཔང་ཡིག་སྟེར་མཁན་སྡེ་ཁག་གིས་ཐོབ་ཐང་ངོས་ལེན་དཔང་ཡིག་ཕྱིར་ལེན་དགོས།

དོན་ཚན་བཅུ་བདུན་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་སྤྱི་ཚོགས་ལ་རང་སྡེ་ཁག་གི་འབྲེལ་གཏུག་བྱེད་སྟངས་ཁྱབ་སྒྲོག་བྱས་ནས། མང་ཚོགས་ཀྱིས་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་གོང་ཞུ་བྱེད་པར་སྟབས་བདེ་བཟོ་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་ལ་ཐེར་འདོན་གོང་ཞུ་འབྱོར་ན། དུས་ཐོག་ཏུ་ཁྲིམས་ལྟར་བརྟག་དཔྱད་བྱས་ཏེ་ཐག་གཅད་དགོས་པ་མ་ཟད། ཐེར་འདོན་གོང་ཞུ་བྱེད་མཁན་གསང་དགོས། དངོས་མིང་ཐོག་ནས་ཐེར་འདོན་གོང་ཞུ་བྱས་ན། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་ཐེར་འདོན་གོང་ཞུ་བྱེད་མཁན་ལ་ཐག་གཅོད་བྱས་འབྲས་བཤད་དགོས།

དོན་ཚན་བཅོ་བརྒྱད་པ། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་ལྟ་སྐུལ་དོ་དམ་བྱ་བའི་ཁྲོད་རང་སྡེ་ཁག་གི་ཐག་གཅོད་དབང་ཚད་དུ་མི་གཏོགས་པའི་ཁྲིམས་འགལ་བྱ་སྤྱོད་ཡོད་པ་ཤེས་ན། ཐག་གཅོད་དབང་ཆ་ཡོད་པའི་སྡེ་ཁག་ལ་དུས་ཐོག་ཏུ་རྩིས་སྤྲོད་བྱ་དགོས། ཐག་གཅོད་དབང་ཆ་ཡོད་པའི་སྡེ་ཁག་གིས་དུས་ཐོག་ཏུ་བརྟག་དཔྱད་བྱས་ཏེ་ཐག་གཅད་དགོས་པ་མ་ཟད། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་ལ་ཐག་གཅོད་བྱས་འབྲས་བཤད་དགོས།

དོན་ཚན་བཅུ་དགུ་བ། ཐོབ་ཐང་ངོས་ལེན་མ་ཐོབ་པར་རང་འདོད་ཀྱིས་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་བྱེད་སྒོ་སྤེལ་བ་ལ། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་ཁྲིམས་འགལ་གྱིས་ཕྱིར་བསྡུས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོ་དང་། བེད་མེད་འཕྲུལ་སྒུལ་འཁོར་ལོའི“འདུས་གྲུབ་ཆེན་མོ་ལྔ”དང་ལྷུ་ལག་གཞན་དག ཁྲིམས་འགལ་གྱི་ཐོབ་ཆ་བཅས་གཞུང་བཞེས་གཏང་དགོས། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི5ཡན་དུ་སླེབས་ན། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ2ཡན་ནས་ལྡབ5མན་གྱི་དངུལ་ཆད་ཆབས་ཅིག་ཏུ་གཅད་དགོས། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི5ལ་མ་སླེབས་པའམ་ཁྲིམས་འགལ་གྱི་ཐོབ་ཆ་མེད་ན། སྒོར་ཁྲི5ཡན་ནས་སྒོར་ཁྲི10མན་གྱི་དངུལ་ཆད་ཆབས་ཅིག་ཏུ་གཅད་དགོས། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་ཁྲིམས་འགལ་གྱིས་ཕྱིར་བསྡུས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོ་དང་། བེད་མེད་འཕྲུལ་སྒུལ་འཁོར་ལོའི“འདུས་གྲུབ་ཆེན་མོ་ལྔ”དང་ལྷུ་ལག་གཞན་དག་གཞུང་བཞེས་གཏོང་བའི་དགོས་ངེས་སྐབས་སུ་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་གཞོགས་འདེགས་བྱ་དགོས།

དོན་ཚན་ཉི་ཤུ་བ། གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅད་དགོས་ཏེ།

(གཅིག)《བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་དཔང་ཡིག》ཉོ་ཚོང་ངམ་རྫུན་བཟོ་དང་སྒྱུར་བཟོ་བྱས་པ།

(གཉིས།)བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ཀྱིས་ཕྱིར་བསྡུས་པའི་འཕྲུལ་སྒུལ་འཁོར་ལོ་ནི་བརྐུས་ཟོག་གམ་རྐུ་ཁྱེར་དང་འཕྲོག་བཅོམ་སོགས་ཉེས་བསགས་སྤྱོད་ངན་ཐད་བཀོལ་བའི་ཡོ་བྱད་ཡིན་པ་གསལ་པོར་ཤེས་པའམ་ཤེས་དགོས་ཀྱང་། སྤྱི་བདེ་ལས་ཁུངས་ལ་ཞུ་འབུལ་མ་བྱས་པར་རང་འདོད་ཀྱིས་འཕྲུལ་སྒུལ་འཁོར་ལོ་དེའི་ལྷུ་ལག་གཏོར་བ་དང་། བཅོས་སྒྲིག་གམ་སྒྲིག་སྦྱོར་བྱས་པ། ལོག་ཚོང་བརྒྱབ་པ།

བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ལ་ཚན་པ་སྔོན་མའི་ནང་གཏན་ལ་ཕབ་པའི་གནས་ཚུལ་ཡོད་ཅིང་ཚབས་ཀྱང་ཆེ་ན། ཐོག་མའི་དཔང་ཡིག་སྟེར་མཁན་སྡེ་ཁག་གིས་ཐོབ་ཐང་ངོས་ལེན་དཔང་ཡིག་ཕྱིར་ལེན་དགོས།

དོན་ཚན་ཉེར་གཅིག་པ། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ལ་གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ན། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་ཡོ་བསྲང་བྱེད་དུ་འཇུག་པ་དང་། བེད་མེད་འཕྲུལ་སྒུལ་འཁོར་ལོའི“འདུས་གྲུབ་ཆེན་མོ་ལྔ”དང་ལྷུ་ལག་གཞན་དག ཁྲིམས་འགལ་གྱི་ཐོབ་ཆ་བཅས་གཞུང་བཞེས་གཏང་དགོས། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི5ཡན་དུ་སླེབས་ན། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ2ཡན་ནས་ལྡབ5མན་གྱི་དངུལ་ཆད་ཆབས་ཅིག་ཏུ་གཅད་དགོས། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི5ལ་མ་སླེབས་པའམ་ཁྲིམས་འགལ་གྱི་ཐོབ་ཆ་མེད་ན། སྒོར་ཁྲི5ཡན་ནས་སྒོར་ཁྲི10མན་གྱི་དངུལ་ཆད་ཆབས་ཅིག་ཏུ་གཅད་དགོས། གནས་ཚུལ་ཚབས་ཆེ་ན། ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་པ་དང་ཐ་ན་ཐོག་མའི་དཔང་ཡིག་སྟེར་མཁན་སྡེ་ཁག་གིས་ཐོབ་ཐང་ངོས་ལེན་དཔང་ཡིག་ཕྱིར་ལེན་དགོས།

(གཅིག)ཡང་བསྐྱར་བཟོ་སྐྲུན་གྱི་ཆ་རྐྱེན་མི་འཛོམས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོའི“འདུས་གྲུབ་ཆེན་མོ་ལྔ”ཕྱིར་བཙོངས་པ།

(གཉིས།)མུ་མཐུད་དུ་བེད་སྤྱད་མི་ཆོག་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོའི“འདུས་གྲུབ་ཆེན་མོ་ལྔ”ལས་གཞན་པའི་ལྷུ་ལག་ཕྱིར་བཙོངས་པ།

(གསུམ།)ཕྱིར་བཙོངས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོའི“འདུས་གྲུབ་ཆེན་མོ་ལྔ”ལས་གཞན་པའི་ལྷུ་ལག་ཐོག་ཏུ“བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་བསྡུས་པའི་ལྷུ་ལག”ཅེས་གསལ་པོར་མ་བཀོད་པ།

དོན་ཚན་ཉེར་གཉིས་པ། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ཀྱིས་ཕྱིར་བསྡུས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོ་དག་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཕབ་ལྟར་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ཏུ་ཐོ་ཁོངས་ནས་བསུབས་ཏེ་ཐོ་བསུབས་དཔང་ཡིག་དེ་འཕྲུལ་སྒུལ་འཁོར་ལོའི་བདག་པོར་བརྒྱུད་སྤྲོད་མ་བྱས་ན། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་ཡོ་བསྲང་བྱེད་དུ་འཇུག་པ་དང་། སྒོར་ཁྲི1ཡན་ནས་སྒོར་ཁྲི5མན་གྱི་དངུལ་ཆད་བཅད་ཆོག

བེད་མེད་འཕྲུལ་སྒུལ་འཁོར་ལོའི“འདུས་གྲུབ་ཆེན་མོ་ལྔ”དང་ལྷུ་ལག་གཞན་དག་བེད་སྤྱད་དེ་འཕྲུལ་སྒུལ་འཁོར་ལོ་སྒྲིག་སྦྱོར་བྱས་པའམ་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཧྲིལ་པོ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་སྒུལ་འཁོར་ལོ་ཕྱིར་བཙོངས་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་ཕབ་ལྟར་ཆད་པ་གཅད་དགོས།

དོན་ཚན་ཉེར་གསུམ་པ། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ཀྱིས་ཕྱིར་བསྡུས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོའི“འདུས་གྲུབ་ཆེན་མོ་ལྔ”སོགས་ལྷུ་ལག་གཙོ་བོའི་གྲངས་ཚད་དང་བཟོ་དབྱིབས། འགྲོ་ཕྱོགས་སོགས་ཀྱི་ཆ་འཕྲིན་ཇི་མ་ཇི་བཞིན་ཟིན་ཐོར་བཀོད་ནས་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཆ་འཕྲིན་མ་ལག་ཏུ་མ་བསྐུར་ན། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་གིས་ཡོ་བསྲང་བྱེད་དུ་འཇུག་པ་དང་ཆབས་ཅིག་ཏུ་སྒོར་ཁྲི1ཡན་ནས་སྒོར་ཁྲི5མན་གྱི་དངུལ་ཆད་གཅད་དགོས། གནས་ཚུལ་ཚབས་ཆེ་ན། ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་དགོས།

དོན་ཚན་ཉེར་བཞི་བ། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཁེ་ལས་ཀྱིས་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་སྲོལ། ཅིས་ཀྱང་ལག་ཏུ་བསྟར་དགོས་པའི་ཚད་གཞི་སོགས་དང་འགལ་ནས་ཁོར་ཡུག་ལ་སྦགས་བཙོག་བཟོས་ན། སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཁག་གིས་དུས་བཅད་ལྟར་ཡོ་བསྲང་བྱེད་དུ་འཇུག་པ་དང་ཆབས་ཅིག་ཏུ་ཁྲིམས་ལྟར་ཆད་པ་གཅད་དགོས། ཡོ་བསྲང་གཏན་ནས་མི་བྱེད་པའམ་དུས་བཅད་ལས་བརྒལ་ནས་ཡོ་བསྲང་མ་བྱས་ན། ཐོག་མའི་དཔང་ཡིག་སྟེར་མཁན་སྡེ་ཁག་གིས་ཐོབ་ཐང་ངོས་ལེན་དཔང་ཡིག་ཕྱིར་ལེན་དགོས།

དོན་ཚན་ཉེར་ལྔ་བ། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་གྱི་འགན་འཁུར་བའི་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གི་ལས་བྱེད་མི་སྣས་ལྟ་སྐུལ་དོ་དམ་བྱ་བའི་ཁྲོད་འགན་དབང་གང་བྱུང་དུ་སྤྱད་པ་དང་ལས་འགན་སྣང་མེད་ལྷོད་གཡེང་དུ་བཏང་བ། ཉེར་ཕྱོགས་གཡོ་ཟོལ་བྱས་ན་ཁྲིམས་ལྟར་ཆད་པ་གཅད་དགོས།

དོན་ཚན་ཉེར་དྲུག་པ། བྱེད་ཐབས་འདིའི་གཏན་ཕབ་དང་འགལ་ནས་ནག་ཉེས་བསགས་ན་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་ཉེར་བདུན་པ། བེད་མེད་ནུས་ཁུངས་གསར་བའི་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པའི་དོན་ཚན་དམིགས་བསལ་ཅན་ལ་དོ་དམ་བྱེད་པའི་གཏན་འབེབས་ལོགས་སུ་བཟོ་རྒྱུ།

དམག་དཔུང་གི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་པར་དོ་དམ་བྱ་རྒྱུ་དེ་རྒྱལ་ཁབ་དང་དམག་དཔུང་གི་འབྲེལ་ཡོད་གཏན་ཕབ་ལྟར་ལག་བསྟར་བྱ་དགོས།

དོན་ཚན་ཉེར་བརྒྱད་པ། བྱེད་ཐབས་འདི2019ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས། 2001ལོའི་ཟླ6པའི་ཚེས16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་སྒྲོག་བྱས་པའི《བེད་མེད་རླངས་འཁོར་ཕྱིར་སྡུད་དོ་དམ་བྱེད་ཐབས》དུས་མཚུངས་སུ་ལག་བསྟར་བྱེད་མཚམས་འཇོག་དགོས།