ཧི་མ་ལའི་རིག་མཛོད་ཆེན་མོ་དང་ཧི་མ་ལའི་སྙིང་རྗེའི་ཐེབས་རྩ་ཚོགས་པས་མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་རྡོ་སྦིས་སློབ་འབྲིང་ལ་བོད་ཡིག་དཔེ་ཆ་གནང་སྦྱིན་བྱས་པ།

གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ༢༠༡༩ལོའི་ཟླ༡༡པའི་ཚེས་༢༩ཉིན། ཧི་མ་ལའི་རིག་མཛོད་ཆེན་མོ་དང་ཧི་མ་ལའི་སྙིང་རྗེའི་ཐེབས་རྩ་ཚོགས་པ་གཉིས་ཀྱིས་མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་རྡོ་སྦིས་སློབ་འབྲིང་དུ《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》གནང་སྦྱིན་གྱི་མཛད་སྒོ་བསྡུས་འདུག

ཐེངས་འདིའི་བྱ་འགུལ་ལ་ཧི་མ་ལའི་རིག་མཛོད་ཆེན་མོའི་ཞུ་དག་མཛུབ་སྟོན་ཚོ་ཆུང་གི་འགོ་གཙོ་སྐུ་ཞབས་ཟླ་བ་འོད་ཟེར་ལགས་དང་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་རྒན་པ་སྐུ་ཞབས་བསོད་ནམས་ཚེ་རིང་ལགས། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་སྐུ་ཞབས་བསོད་ནམས་དོན་གྲུབ་ལགས། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཆུང་བའམ་དྲུང་ཡིག་ཆུང་བ་སྐུ་ཞབས་ཀླུ་རྒྱལ་ཚེ་རིང་ལགས་བཅས་དང་། རྡོ་སྦིས་སློབ་འབྲིང་གི་དགེ་སློབ་བཞི་བརྒྱ་ལྷག་བཅས་མཉམ་ཞུགས་བྱས་འདུག

མཛད་སྒོའི་ཡུལ་དངོས།

མཛད་སྒོའི་སྟེང་དུ་ཐོག་མར་ཧི་མ་ལའི་རིག་མཛོད་ཆེན་མོའི་ཞུ་དག་མཛུབ་སྟོན་ཚོ་ཆུང་གི་འགོ་གཙོ་སྐུ་ཞབས་ཟླ་བ་འོད་ཟེར་ལགས་ཀྱིས་ཧི་མ་ལའི་རིག་མཛོད་ཅེས་པའི་རྩ་འཛུགས་དང་དེ་ཡིས་ལོ་ངོ་བརྒྱད་ལྷག་གི་རིང་ལ་སྒྲུབ་པའི་ལས་དོན། ལས་སྒྲུབ་ཁ་ཕྱོགས་སོགས་ཕྱོགས་བསྡུས་ཀྱིས་ངོ་སྤྲོད་རགས་ཙམ་གནང་བ་དང་། དེ་ནས་《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》དག་སྒྲིག་སྐོར་གྱི་གནས་ཚུལ་རགས་བསྡུས་ཤིག་མཚམས་སྦྱོར་བྱས་པ་དང་། དེ་ནས་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་རྒན་པ་སྐུ་ཞབས་བསོད་ནམས་ཚེ་རིང་ལགས་ཀྱིས་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ་ངོ་སྤྲོད་རགས་ཙམ་དང་《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》དག་སྒྲིག་སྐབས་ཀྱི་གནས་ཚུལ་རགས་བསྡུས། ཁྱད་པར་ཐེངས་འདིར་རྡོ་སྦིས་སློབ་འབྲིང་ལ་《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》གནང་སྦྱིན་བྱས་པའི་དམིགས་ཡུལ་དང་དགོས་པ་སོགས་གནད་བསྡུས་ཀྱི་སྒོ་ནས་ངོ་སྤྲོད་གནངས།

གསུང་འབུམ་གནང་སྦྱིན་བྱས་པ།

བཀའ་དྲིན་ཞུ་བའི་ལེགས་སྐྱེས་འབུལ་བཞིན་པ།

དེ་ནས་རྡོ་སྦིས་སློབ་ཁུལ་དང་རྡོ་སྦིས་སློབ་འབྲིང་གི་ཚབ་བྱེད་མི་སྣས་བཀའ་དྲིན་ཞུ་ཡིག་ཕུལ་བ་དང་། སྐུ་མགྲོན་རྣམས་ཀྱིས་གསུང་འབུམ་སློབ་གྲྭར་དངོས་སུ་གནང་སྦྱིན་བྱས།

《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》ནི་མིག་སྔར་བོད་ཁུལ་ནས་པོད་གྲངས་ཆེས་མང་བའི་མཁས་པའི་གསུང་འབུམ་དུ་བགྲང་ཆོག་ལ། ད་རེབ་རྡོ་སྦིས་སློབ་འབྲིང་ལ་གནང་སྦྱིན་བྱས་པ་ཡིས་སློབ་གྲྭ་འདིའི་དགེ་སློབ་ཀུན་ལ་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྩལ་བ་དང་འདི་ཡིས་ཤེས་བྱའི་གནས་ལ་སྦྱང་བརྩོན་གྱི་གོ་ཆ་བརྟན་པའི་སློབ་བུ་མང་པོ་ཞིག་གི་རིག་པའི་སྒོ་མོ་ཕྱེ་ཞིང་ཡིད་ཀྱི་གསོས་སྨན་དུ་འགྱུར་བར་ངེས་སོ།།

གསར་འགོད་པ། སྐལ་བཟང་རིན་ཆེན།