མཁྱེན་ཁོ་དང་ཁོང་གི་ཕྲུ་གུ་ཚོ།

མཁྱེན་ཁོ་(勤考)ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་བོད་རིགས་བུད་མེད་དཀྱུས་མ་ཞིག་ཡིན་པ་དང་། ཁོང་ནས་ལོ་དྲུག་རིང་སྔ་རྗེས་སུ་འབྲོག་ཁུལ་གྱི་དཀའ་ངལ་ཡོད་པའི་བྱིས་པ་བདུན་གྱི་འགྲོ་སྡོད་འདུག་གསུམ་ལ་ལྟ་རྟོག་གནང་བ་མ་ཟད། རང་ཉིད་ཀྱི་ཕྲུ་གུ་གཉིས་སྡོམ་ཁྱོན་ཕྲུ་གུ་དགུ་ལ་ལྟ་སྐྱོང་གནང་བཞིན་ཡོད། ཕྲུ་གུ་འདི་དག་ལས་ཁག་ཅིག་ནི་ཕ་མ་གཉིས་ཀ་འདས་གྲོངས་སུ་ཕྱིན་པ་དང་། ཁག་ཅིག་ནི་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཞན་པོ་ཅན་ཤ་སྟག་རེད། ཁོང་ནས་ནུས་ཤུགས་བླ་ལྷག་དང་ལྷག་བསམ་རྣམ་དག བྱམས་སེམས་ཆེན་པོ་བཅངས་པ་བཅས་ཀྱིས་བུ་ཕྲུག་འདི་དག་གི་བདེ་ཐང་ངང་འཚར་ལོངས་ལ་རོགས་རམ་གང་དྲག་གནང་ཡོད་པ་རེད། 


ཕྲུ་གུ་གཉིས་སློབ་གྲྭ་གྲོལ་ནས་མཁྱེན་ཁོས་བསུ་བའི་རྣམ་པ། 



མཁྱེན་ཁོས་ཕྲུ་གུའི་སོའི་བདེ་ཐང་གནས་ཚུལ་ལ་གཟིགས་བཞིན་པ། 



རང་འདོད་རྩེད་ཆས་ལ་རོལ་བཞིན་པ། 



མཁྱེན་ཁོའི་སྐུ་ཟླས་ཕྲུ་གུ་རྣམས་ལ་བོད་ཡིག་འཁྲིད་པ།


བྱིས་པ་མང་པོ་འདི་འདྲའི་འགྲོ་སྡོད་འདུག་གསུམ་གྱི་གནད་དོན་ཐག་གཅོད་བྱེད་དགོས་པས། འོ་ན་ཁོང་གི་ཁྱིམ་ཚང་གི་ཡོང་སྒོ་གང་ལ་བརྟེན་དགོས་སམ་ཞེ་ན། ང་ཚོའི་བསམ་ཡུལ་ལས་འདས་པ་ནི་བཟའ་ཟླ་གཉིས་ཀྱི་ཡོང་འབབ་བསྡོམས་ན་སྒོར་3000ལས་མེད་པ་རེད། མཁྱེན་ཁོས་ཡི་གེ་མི་ཤེས་པ་ལ་ལག་རྩལ་ཡང་ཤེས་ཀྱི་མེད་རྐྱེན། གཞན་གྱི་སར་ལས་གཡོག་བྱེད་དུ་སྐྱོད་བཞིན་པས་ཟླ་རེར་ཡོང་འབབ་སྒོར་1200ཡོད། ཁོང་གི་སྐུ་ཟླ་ཡོན་ཏན་ནས་རྫོང་སློབ་གསོ་ཅུད་དུ་ཁ་ལོ་བའི་ཕྱག་ལས་གནང་གི་ཡོད་པས་ཟླ་ཕོག་སྒོར་1800ཡོད་པ་རེད། གསར་འགོད་པས་ཁོང་གཉིས་ལ་དཀའ་ངལ་ག་རེ་ཡོད་མེད་སྐོར་བཀའ་འདྲི་ཞུ་དུས། ཡོན་ཏན་གྱིས། ཏང་གི་སྲིད་ཇུས་བཟང་པོའི་དྲོ་སྐྱིད་འོག ཕྲུ་གུ་ཚོ་སློབ་གྲྭར་བསྐྱོད་པར་འགྲོ་སོང་གཏོང་དགོས་མིན་འདུག འཚོ་བའི་ཐད་ངེད་གཉིས་གྲོན་ཆུང་བསྲི་ཚགས་བྱེད་ཀྱི་ཡོད་པས་གནད་དོན་ཆེར་མིན་འདུག གཟའ་མཇུག་ཏུ་མཁྱེན་ཁོས་ཚང་མར་ལྟ་རྟོག་བྱེད་དགོས་པས་དཀའ་ལས་ཁག་ཤོས་རེད་ཅེས་གསུངས། མཁྱེན་ཁོས་བཞིན་ལས་འཛུམས་མདངས་འཕྱུར་བཞིན་དུ། དཀའ་ལས་མི་འདུག བྱིས་པ་ཚོར་དྲོ་སྐྱིད་ཀྱི་ཁྱིམ་ཚང་ཞིག་དང་སློབ་གྲྭར་བསྐྱོད་རྒྱུ་ཡོད་པས། ང་རང་འདོད་བློ་ཚིམས་བྱུང་ཞེས་གསུངས་པ་རེད།

2018ལོའི་ཟླ་11པར་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གིས“ཀྲུང་གོའི་མི་བཟང་མིང་ཐོ”ཁྱབ་བསྒྲགས་བྱས་པ་དང་མཁྱེན་ཁོ་ཡང་གཟི་བརྗིད་མིང་ཐོ་ནང་ཚུད་ཡོད་པ་རེད།