དངོས་བཤུས་གློག་བརྙན《གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད》ཅེས་པ་ཀྲུང་གོའི་དངོས་བཤུས་གློག་བརྙན་སྐབས25ཡི་ཕུལ་བྱུང་བརྩམས་ཆོས་བཅུའི་ཁྲོད་ཚུད་པ།

ཟླ11ཚེས27ཉིན་ནས་ཚེས28ཉིན་བར། ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དུ“ཀྲུང་གོའི་དངོས་བཤུས་གློག་བརྙན་རིག་གཞུང་ཚོགས་འདུ་སྐབས25པ”བསྡུས་ཤིང་། ཚོགས་ཐོག་ཏུ་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཧྲང་ཧའེ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་ཕབ་བསྐྲུན་བྱས་པའི་དངོས་བཤུས་གློག་བརྙན་ཆེ་གྲས《གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད》ཅེས་པ་ཐེངས་འདིའི་ཚོགས་འདུ་ཡི་ཕུལ་བྱུང་དངོས་བཤུས་གློག་བརྙན་བཅུའི་ཁྲོད་བདམས་ཐོན་བྱུང་།

དངོས་བཤུས་གློག་བརྙན་འདི་ཇུས་འགོད་ནས་ལེགས་འགྲུབ་བར་ལོ་ངོ་གསུམ་སོང་ལ། ཕབ་སྐྲུན་ཚོགས་པ་ཐེངས་བཅུ་ཕྲག་ལ་མདོ་དབུས་མཐོ་སྒང་དུ་བསྐྱོད་དེ། ལོ་རྒྱུས་དང་སྟོང་ཁམས་ཀྱི་བར་བརྒལ། འཕགས་པ་ལྷའི་གཟི་བྱིན་དང་མགོ་ནག་མིའི་འཚོ་བའི་རྐྱ་འཐབ་སྟེ།  དམངས་ཁྲོད་དང་རིག་གཞུང་སོགས་ཀྱི་དཀྱུས་གཞུང་ཀུན་ལ་གསར་གཏོད་སྒོས་ལྷུག་བརྗོད་བྱས་ཡོད་ལ། གཟིགས་མོ་བ་ཡོངས་ལ་ལྷུན་གྱིས་བརྗིད་པའི་གངས་ལྗོངས་ཀྱི་རི་བ་ཁང་ཁྱིམ་དང་། ནང་བཅུད་ཀྱི་སེམས་ཅན། དེ་ལས་ཀྱང་སྒྲུང་བཤད་མཁན་གྱི་འཚོ་བ་ངོ་མ་ཇི་བཞིན་དུ་བརྗོད་ཡོད། ལྷག་པར་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་གེ་སར་རིག་གནས་ཀྱི་ཆེད་མཁས་པ་དང་། བོད་རིག་པའི་མཁས་པ། རྩོམ་རིག་རིག་པ་དང་མིའི་རིགས་རིག་པ། ལོ་རྒྱུས། ས་ཁམས་སོགས་ཀྱི་ཆེད་མཁས་པར་བཅར་འདྲི་བྱས་ནས་གེ་སར་སྒྲུང་གི་ལོ་རྒྱུས་ཡིག་ཚགས་རྩ་ཆེན་པོ་མང་པོ་ཞིག་སྔོག་འདོན་ཟིན་ཐོར་བཀོད་ཡོད་པ་རེད།

“ཀྲུང་གོའི་དངོས་བཤུས་གློག་བརྙན་རིག་གཞུང་ཚོགས་འདུ་སྐབས25པ”འདི་ནི་ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་དང་། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་དངོས་བཤུས་བརྙན་འཕྲིན་སྒྱུ་རྩལ་ཨུ་ཡོན་ལྷན་ཚོགས་ཀྱིས་སྒྲིག་འཛུགས་ཐོག་དཔྱད་འདེམས་བྱས་པ་རེད་ལ། འདིར་མཆོག་ཏུ་གྱུར་བའི་བརྩམས་ཆོས་མང་པོ་འདུས་པས། རྒྱལ་ནང་གི་དངོས་བཤུས་གློག་བརྙན་དཔྱད་འདེམས་སུ་ཞུགས་མཁན་ཆེས་མང་ཞིང་། གཞི་ཁྱོན་ཧ་ཅང་ཆེ་བའི་འོས་འདེམས་བྱེད་སྒོ་ཞིག་ཡིན་ལ། ཀྲུང་གོའི་དངོས་བཤུས་གློག་བརྙན་ལས་རིགས་སུ་རིམ་པ་མཐོ་ཤོས་ཀྱི་ཆེད་ལས་གཟེངས་རྟགས་ཤིག་ཡིན་པས་མཚན་སྙན་ཤིན་ཏུ་ཆེ་བ་རེད།

ཁོན་ཐར་འཚོས་བསྒྱུར།