མཚོ་སྔོན་གྱི་ལས་གཞི་ཆེན་པོ་དགུས་ཕྱོགས་ཀྱི་ཚོང་མགྲོན་འགུག་བཞིན་ཡོད་པ།

ཟླ11ཚེས26ཉིན། ཕྱི་འབྲེལ་པུའུ་ཡིས་མཚོ་སྔོན་འཛམ་གླིང་ལ་འོས་སྦྱོར་བྱེད་པའི་བྱེད་སྒོ་དང་ཚོང་དོན་སྐོར་གྱི་འོས་སྦྱོར་ཚོགས་འདུ་དེ་ཕྱི་འབྲེལ་པུའུ་ཡི་ཐོག་ཁང་ལྷོ་མར་བསྡུས་ཤིང་། ཚོགས་ཐོག་ཏུ་རང་རེའི་ཞིང་ཆེན་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་དང་ཁྱད་ཆོས། ཐོན་ཁུངས་ཀྱི་དགེ་མཚན། འཕེལ་རྒྱས་འཆར་འགོད་ལ་སོགས་པར་བསམ་གཞིགས་གང་ལེགས་བཏང་སྟེ། ཞིང་ས་དང་ཆུ་བེད། སྣོད་བཅུད་སླར་གསོ། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། སྒྲིག་ཆས་སྒྲིག་བཟོ་ལ་སོགས་པའི་ཁྱབ་ཁོངས་དང་འབྲེལ་བའི་ལས་གཞི་ཆེན་པོ་དགུ་འདེམས་ནས་དམིགས་སུ་འོས་སྦྱོར་བྱས།

གཅིག ཞིང་གྲོང་གི་ཆུ་འདྲེན་གྲོན་ཆུང་ལས་གཞི།ལས་གཞི་དེ་ནི་རང་རེའི་ཞིང་ཆེན་གྱི་ཤར་རྒྱུད་དུ་ཆགས་པའི་ཞིང་ལས་ས་ཁུལ་དང་། ཆབ་ཆའི་གཤོང་ས། ཚྭ་འདམ་གཞུང་བཅས་སུ་ལག་བསྟར་བྱ་རྒྱུ་བྱས་ཡོད་ཅིང་། གཙོ་བོ་འབྲུ་རིགས་ཐོན་སྐྱེད་ས་ཁུལ་གཙོ་གྲས་དང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་ཁུལ་གལ་ཆེན། ཞིང་ལས་ཐོན་རྫས་ཐོན་སྐྱེད་ཁུལ་ཁྱད་ཆོས་ཅན་གྱི་ཕྱོགས་སུ་བསྒྱུར་ནས་དཔེ་སྟོན་སྣེ་འཁྲིད་ནུས་པ་འདོན་རྒྱུ་རེད་ལ།  དེ་ཡང་འཛུགས་སྐྲུན་གྱི་ནང་དུ་ལས་གཞི་འཛུགས་སྐྲུན་དང་ནུས་པ་ཆེར་བསྐྱེད་གཉིས་འདུ་བ་ལས་ལས་གཞི་འཛུགས་སྐྲུན་གྱི་གཙོ་བོ་ཆུ་འདྲེན་མ་ལག་ཆ་ཚང་དང་རྨོ་ཞིང་བར་གྱི་ཆུ་འདྲེན་མ་ལག་བསྐྲུན་རྒྱུ་དེ་ཡིན་པ་དང་། ནུས་པ་ཆེར་བསྐྱེད་ཀྱི་གཙོ་བོ་ཟབ་སྦྱོང་ལ་བརྟེན་ནས། རིམ་པ་ཁག་གི་ལས་གཞི་དོ་དམ་པའི་ལས་གཞི་ལག་བསྟར་གྱི་ནུས་པ་དང་། བདག་དོམ་མི་སྣ་དང་ཞིང་ཁྱིམ་གྱི་ཆུ་གྲོན་ཆུང་གི་འདུ་ཤེས། ཞིང་པའི་འདེབས་འཛུགས་ཀྱི་ལག་རྩལ་དང་ཆུ་འདྲེན་གྲོན་ཆུང་ཐད་སྤྱོད་པའི་སྒྲིག་ཆས་ལག་ལེན་གྱི་ནུས་པ་སོགས་ཇེ་ཆེར་བཏང་ནས་ཆུ་འདྲེན་གྲོན་ཆུང་གི་དཔེ་ལེགས་ཁྱབ་གདལ་གཏང་རྒྱུ་དེ་རེད།

གཉིས། ཟི་ལིང་གི་ནུབ་ཐང་གཙང་པོའི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི།ལས་གཞི་འདིས་གཙོ་བོ་ནུབ་ཐང་གཙང་པོའི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་བརྒྱུད་ནས་གཙང་བོའི་འབབ་ཕྱོགས་སོར་འཇོག་ཐོག ཆུ་ལོག་སྔོན་འགོག་དང་། ཆུ་སྤུས། ལྗོངས་གཟིགས་སོགས་སྲུང་སྐྱོང་གི་ས་རྒྱ་ཇེ་ཆེར་བཏང་སྟེ། སྔར་ཡོད་ཀྱི་ནགས་ས་དང་། ན་འདམ་སོགས་སྣོད་བཅུད་མ་ལག་ཡོངས་རྫོགས་བཅོས་སྐྱོང་གི་ཁོངས་སུ་བླངས་ནས་ཆུ་ལོག་སྔོན་འགོག་གི་ནུས་པ་ཇེ་ཆེར་དང་། ཆུ་སྤུས་ཇེ་ལེགས། གཙང་ངོགས་ཀྱི་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུ། ནུབ་ཐང་གཙང་པོའི་རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོབ་དང་སླར་གསོ།མ་ལག་འཐུས་ཚང་དུ་བཏང་ཐོག “བཙོག་ཆུ་ཉེར་བསྡུ་དང་། ན་འདམ་གཙང་བཟོ། གཙང་ངོགས་སླར་གསོ། ལྗོངས་གཟིགས་ལེགས་སྒྱུར”བཅས་གཅིག་ཏུ་དྲིལ་བའི་སྣོད་བཅུད་མུ་རྒྱུད་བསྐྲུན་ནས་དྭངས་གཙང་གི་ཆུ་བོ་རིང་དུ་འབབ་པའི་གྲོང་ཁུལ་གསར་པར་ལྗང་མདོག་གི་རྣམ་པ་གསར་པ་ཞིག་ཆགས་སུ་འཇུག་རྒྱུ་རེད།

གསུམ། མཚོ་སྔོན་ཞིང་ཆེན་ཞིང་གྲོང་གི་ཆུ་ལམ་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི།ལས་གཞི་དེ་ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་སྐྱོང་ཁུལ་བཅས་ཀྱི་རྫོང(ཁུལ། གྲོང་ཁྱེར)12ལ་འབྲེལ་ཡོད་ཅིང་། ལས་གཞི་དེས་ཞིང་གྲོང་གི་ས་ཁོངས་གསར་སྤེལ་བཅོས་སྐྱོང་ཁྲོད་ས་ཆུ་ཤོར་བ་དང་། རྙོག་རྫོབ་ཆེ་བའི་གནད་དོན་ཚབས་ཆེན་རིགས་ཐག་གཅོད་ཐུབ་པར་མ་ཟད། འབབ་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་མ་ལག་འཐུས་ཚང་དང་། ཆུ་ལོག་སྔོན་འགོག་དང་གནོད་འགོག་ནུས་པ་མཐོར་འདེགས། ཆུ་བེད་ཀྱི་རྨང་གཞི་སྒྲིག་ཆས་ཀྱི་དགེ་མཚན་འདོན་སྤེལ། ཆུའི་སྣོད་བཅུད་དང་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ། སྣོད་བཅུད་ཀྱི་བདེ་འཇགས་སྲུང་ཡོལ་སྲ་བརྟན། ཞིང་གྲོང་གི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་གོང་ནས་གོང་དུ་འཕེལ་བ་བཅས་ལ་སྐུལ་འདེད་ཐོག་འགན་སྲུང་བྱ་ཐུབ་པ་རེད།

བཞི། མཚོ་སྔོན་གྱི་ནུས་ཁོངས་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་བྱ་ཡུལ་ཞིང་ཆེན་གྱི་ལས་གཞི།རང་རེའི་ཞིང་ཆེན་ལ་གཙང་སེལ་ནུས་ཁུངས་ཀྱི་ཐོན་ཁུངས་དགེ་མཚན་དང་ཐོན་ལས་རྨང་གཞིའི་ཆ་རྐྱེན་ལྡན་པས། གཙང་སེལ་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་དང་ནུས་ཁོངས་བཅོས་སྒྱུར་ཚོད་ལྟ་བྱ་ཡུལ་ཞིང་ཆེན་དུ་བསྐྲུན་པའི་གོ་རིམ་ཁྲོད། ནུས་ཁོངས་དེ་དག་ཐཱན་མེད་ཕྱིར་འབུད་ཀྱི་ཕྱོགས་ལ་སྒྱུར་བར་འཁྲིད་སྟོན་ཡག་པོ་བྱས་ནས་རང་སྟེང་གི་གཙང་སེལ་བྱ་བ་ཡིད་ཚིམ་པ་ཞིག་བྱུང་རྗེས། ལྷད་མེད་གློག་ཤུགས100%ཕྱིར་གཏོང་གི་ནུས་པ་ཇེ་ཆེར་གཏང་རྒྱུ་བྱས་ཡོད། དེ་བཞིན་དུ་རྒྱལ་ཁབ་རིམ་པའི་གཙོ་གནད་ཉམས་ཞིབ་ཁང་བཙུགས་ཏེ། ལག་རྩལ་གྱི་འགག་གནད་སེལ་ཞིང“ནུས་ཁུངས་གསར་པ་དང་ནུས་གསོག་ཟུང་འབྲེལ”རྒྱ་ཆེར་སྤེལ་ནས་གློག་ཤུགས་སྙོམ་སྒྲིག་གི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། ནུས་མང་ཁ་གསབ་ལག་རྩལ་དང་རིག་ནུས་ཕན་ཕྱོད་ཅན་གྱི་འཁོར་རྒྱུག་མ་ལག་འཐུང་ཚང་བཟོས་ནས་གློག་དྲ་འཁོར་སྐྱོད་བདེ་འཇགས་ཡོང་བར་རམ་འདེགས་བྱ་རྒྱུ། ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཛད་སྤྱོད་བྱེད་སྟངས་སྟབས་བདེ་ཡོང་ཆེད་དམིགས་ནས་ཞིང་གྲོང་གི་གློག་དྲར་བཟོ་བཅོས་བརྒྱབ་ནས“འོད་ཧྥུ་དང་ཞིང་འབྲོག་ལས་ཟུང་འབྲེལ”གྱི་བྱེད་ཐབས་ལག་བསྟར་ཧུར་ཐག་བྱ་རྒྱུ། དེ་བཞིན་དུ་གཙང་སེལ་དྲོད་འདོན་དང་འགྲིམ་འགྲུལ་བདེ་འཇགས། འཛུགས་སྐྲུན་སྐྱོན་བྲལ་བྱ་བ་ཁྱབ་གདལ་དུ་བཏང་ནས་གཙང་སེལ་ནུས་ཁུངས་བེད་སྤྱོད་བྱེད་སྟངས་སྣ་མང་བཟོ་རྒྱུ་དང་། ཞིབ་འཇུག་དང་འཁྲིད་སྟོན་ལ་བརྟེན་ནས་ནུས་ཁུངས་བཅོས་སྒྱུར་ཕྱོགས་བསྡུས་ཚོད་ལྟ་བྱ་ཡུལ་གྱི་ནང་རྐྱེན་ལམ་ལུགས་དང་དེ་འབྲེལ་སྲིད་ཇུས་དང་བྱེད་ཐབས་ཡག་པོ་འདོན་རྒྱུ་རེད།

ལྔ། སྒུལ་ཤུགས་གློག་སྨན་ཐད་སྤྱོད་རྒྱུའི་ཟངས་ཤོག་གི་ལོའི་ཐོན་འབོར་ཏུན་ཁྲི6གི་ཐོན་སྐྱེད་ལས་གཞི།   ཟི་ལིང་གི(རྒྱལ་ཁབ་རིམ་པའི)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཡོད་པའི་གློག་འབྱེད་ཟངས་ཤོག་ཏུན་ཁྲི2.5དང་། སྒུལ་ཤུགས་གློག་སྨན་ཐད་སྤྱོད་རྒྱུའི་ཟངས་ཤོག་ཏུན་ཁྲི4གཉིས་ལ་ཟུང་སྦྲེལ་དང་། མཚོ་སྔོན་གྱི་ལི་གློག་དུང་ཕྱུར་སྟོང་གི་ཐོན་ལས་ལ་གཞི་བཅོལ་ནས་ལི་གློག་ཐོན་ལས་ལ་སྤྱོད་རྒྱུའི་ཟངས་ཀྱི་རྒྱུ་ཆ་ཆ་ཚང་ལས་སྣོན་གྱི་ཐོན་ལས་རྟེན་གཞི་གཟུག་རྒྱུ་དང་། དེ་ལ་བརྟེན་ནས་ཟངས་ལས་སྣོན་ཐོན་ལས་ཀྱི་སྒྲིག་གཞིར་སྙོམས་སྒྲིག་དང་། ཟངས་ཀྱི་ཐོན་རྫས་ཐོན་ལས་ཀྱི་མུ་རྒྱུན་ལེགས་སྒྱུར་བྱ་རྒྱུ་རེད།

དྲུག གློག་སྒུལ་རླངས་འཁོར་ཐོན་སྐྱེད་ལས་གཞི། མཚོ་སྔོན་གྱི་ལིའི་ཐོན་ཁུངས་བསགས་འབོར་རྒྱལ་ཡོངས་ཀྱི83%ཟིན། ཐོན་ལས་གོང་སྤེལ་གྱི་ཐད་ནས་རང་རེའི་ཞིང་ཆེན་གྱིས་ཐཱན་སྐྱུར་ལིའི་ཐོན་ལས་ལ་ཐོན་སྐྱེད་ཏུན་ཁྲི3ཐུབ་པའི་རྨང་གཞིའི་ཐོག་ཡང་བསྐྱར་ཏུན་ཁྲི3ཐོན་སྐྱེད་ཐུབ་པ་ཁ་བསྣན་བརྒྱབ། ལི་གློག་རྡོ་ནག་གི་མོ་སྣེ་རྒྱུ་ཆ་ཏུན5000ཐོན་སྐྱེད་ཐུབ་པའི་རྨང་གཞིའི་ཐོག་ཡང་བསྐྱར་ཏུན་ཁྲི2.5ཐོན་སྐྱེད་ཐུབ་པར་བཟོས། ཧ་ཡང་སྲབ་མོ་སྨི་ངོས་སྙོམས་གྲུ་བཞི་མ3000ལྷག་ཐོན་སྐྱེད་ཐུབ་པ་དང་། ཟངས་ལེབ་སྲབ་མོ་ཏུན་ཁྲི2.5ཐོན་སྐྱེད་ཐུབ་པའི་རྨང་གཞིའི་ཐོག་ཡང་བསྐྱར་ཏུན་ཁྲི4ཐོན་སྐྱེད་ཐུབ་པར་བཟོས། ཧྥུན་དྲུག་དང་ལིན་སྐྱུར་ལི་ཡི་ལོའི་ཐོན་འབོར་ཏུན100ཐོན་སྐྱེད་བྱེད་ཐུབ་ལ། ཆུ་ཚོད་རེར་ཅི་ཝ་གཅིག་ཅན་གྱི་སྒུལ་ཤུགས་དང་ནུས་གསོག་གློག་རྡོ་དང་། ཆུ་ཚོད་རེར་སྟོང་ཝ་ཁྲི25ཅན་གྱི་མཱེ་ཅི་གློག་རྡོ་ཐོན་སྐྱེད་ཐུབ་པའི་རྨང་གཞིའི་ཐོག ཆུ་ཚོད་རེར་ཅི་ཝ12ཅན་གྱི་ལིའི་གློག་རྡོ་ཐོན་སྐྱེད་ཐུབ་ཡོད།

བདུན། སྒུལ་ཤུགས་དང་ནུས་གསོག་གློག་རྡོ་ལས་གཞི།  རང་རེའི་ཞིང་ཆེན་དུ་ཚྭ་དང་ལིའི་ཐོན་ཁུངས་ཕུན་སུམ་ཚོགས་པོར་གཞི་བཅོལ་བའི་ཕོ་སྣེ་རྒྱུ་ཆ་དང་། ཆོད་སྐྱི། སྒུལ་ཤུགས་དང་ནུས་གསོག་གློག་རྡོ་གཙོ་བྱས་པའི་ལིའི་གློག་རྡོ་ཐོན་ལས་མུ་འབྲེལ་གྱི་རྨང་གཞི་ཆགས་ཡོད་པས།དེ་ལ་ཕོ་སྣེ་རྒྱུ་ཆ་དང་། མོ་སྣེ་རྒྱུ་ཆ། གློག་འབྱེད་གཤེར་ཁུ་དང་། སྒུལ་ཤུགས་ནུས་གསོག་གློག་རྡོ། མཱེ་ལིའི་གློག་རྡོ་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་མང་པོས་དགའ་བསུ་ཆེན་ཐོབ་ཅིང་། དེ་མ་ཚད་ཐོན་སྐྱེད་གཞི་ཁྱོན་ཅན་དང་། ཐོན་ལས་འབྲེལ་ཐག་ཆ་ཚང་བའི་ལིའི་གློག་རྡོ་དང་རྒྱུ་ཆ་དང་འབྲེལ་བའི་ཆེད་ཁེ་ལས་གཞི50 ཡོད་པས། ལིའི་གློག་རྡོ་ཐོན་ལས་གོང་སྤེལ་ལ་རྨང་གཞི་བཏིང་ཡོད་པ་རེད།

བརྒྱད། ཞོག་ཁོག་གི་རིགས་གསར་པ་ཞོག་ཁོག་སྔོན་པོ9བའི་ལག་རྩལ་ཁྱབ་གདལ་ལས་གཞི།   “ཞོག་ཁོག་སྔོན་པོ9བ”ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་དང་ནགས་ལས་ཚན་རྩལ་སློབ་གླིང་སྐྱེ་དངོས་ལག་རྩལ་ཞིབ་འཇུག་ཁང་གིས་གསར་དུ་བཏོན་པའི་ཞོག་ཁོག་གི་རིགས་གསར་པ་ཞིག་རེད། ཞོག་ཁོག་དེ་ཕྱི་ཤུན་དམར་ལ་ནང་སྙིང་སེར་བ། སྤུས་བཟང་བ། བྲིན་རྒྱུག་ཆེ་ཚད82.5%ཡིན་པའི་ཞོག་ཁོག་ཞིག་རེད། རྒྱལ་སྤྱིའི་ཞོག་ཁོག་ལྟེ་གནས(CIP)ཡི་གཞི་གྲངས་ལྟར་ན། ཞོག་ཁོག་སྔོན་པོ9བ་ཡི་ཆ་སྙོམས་ཐོན་འབོར་སྤྱི་ཆིངས་རེར་ཏུན30ཡིན་པ་དང་། ཀྲུང་གོའི་སྤྱིར་བཏང་གི་ཞོག་ཁོག་དང་བསྡུར་ན་ས་སྙོམས་ཐོན་འབོར་གྱི་ལྡབ1.5ཡིན་པས། ཐོན་འབོར་ཆེ་ལ། ཐན་འགོག་གྲང་ངར་བཟོད་ཐུབ་པ། ཕྱི་རིམས་འགོག་པ་ལ་སོགས་ཀྱི་ཁྱད་ཆོས་ལྡན་ལ། རང་རྒྱལ་གྱི་འདེགས་འཛུགས་ས་རྒྱ་ཆེས་ཆེ་ཞིང་། ས་ཆུ་ལ་འཕྲོད་སླ་བ། དཔལ་འབྱོར་ཕན་ཁེ་ཆེས་མཐོ་བའི་ཞོག་ཁོག་གསར་ཤོས་ཤིག་རེད།

དགུ། མཚོ་སྔོན་ཟམ་ལམ་སྡེ་ཤོག་དང་། ཀྲུང་ཆིང་འཛུགས་སྐྲུན་སྡེ་ཤོག་བཟོ་སྐྲུན་དང་པོའི་ཚད་ཡོད་ཀུང་སིས་མཉམ་ལས་བྱེད་མཁན་གྱི་ཁེ་ལས་འཚོལ་བ།  མཚོ་སྔོན་ཟམ་ལམ་སྡེ་ཤོག་ནི་གཞུང་ལམ་དང་ཟམ་པའི་ལས་གཞིའི་ཨར་ལས་ཀྱི་རྐང་འཛིན་ཁེ་ལས་རེད། མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། ཧྲན་པེ། ཧྲན་ཏུང་། ཅང་སུའུ་སོགས་ཞིང་ཆེན(ཁུལ། གྲོང་ཁྱེར)དུ་མྱུར་བགྲོད་གཞུང་ལམ་བཞི་བཅུ་ལྷག་དང་། རིམ་ལྡན་གཞུང་ལམ་དང་། ཟམ་ཆེན། གནམ་ཐང་གི་འཕུར་ལམ་སོགས་ལས་གཞི་མང་པོ་བསྐྲུན་མྱོང་ཡོད་པ་མ་ཟད། རྒྱུ་སྤུས་ཀྱི་ཆ་ལ་ཀུན་གྱིས་བསྟོད་བསྔགས་བྱེད་ཅིང་། ཐེངས་དུ་མར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རག་མྱོང་ཡོད་པ་རེད། ཀྲུང་ཆིང་འཛུགས་སྐྲུན་སྡེ་ཤོག་བཟོ་སྐྲུན་དང་པོའི་ཚད་ཡོད་ཀུང་སི་ནི2002ལོར་བཙུགས་ཤིང་། ལོ་རེའི་ཐོན་སྐྱེད་རིན་ཐང་དུང་ཕྱུར3ཡིན་པ་དང་། ཁང་པ་འཛུགས་སྐྲུན་དང་། རྡོ་སྣུམ་རྫས་འགྱུར་བཟོ་ལས། གཏེར་ཁུངས་ལས་གཞི་འགན་གཙང་ལེན། གྲོང་ཁྱེར་དོ་དམ་གྱི་གཞུང་སྤྱོད་ལས་གཞི་འགན་གཙང་ལེན། གློག་ཆས་སྒྲིག་ཆས་སྒྲིག་སྦྱོར། རུལ་འགོག་དྲོད་འཛིན། མེ་ཟོན་ཆེད་ལས་འགན་ལེན། དྲོད་ཐབ་སྒྲིག་སྦྱོར་ལ་སོགས་ཀྱི་གཉེར་ཐང་ཡོད། ཁེ་ལས་འདི་གཉིས་ཀྱིས་འཛུགས་སྐྲུན་ཨར་སྐྲུན་གྱི་ཕྱོགས་ལ་མ་དངུལ་དང་ལག་རྩལ། ཁྲོམ་རའི་དགེ་མཚན་ལྡན་པའི་མཉམ་ལས་པ་འཚོལ་སྒང་རེད།

ཁོན་ཐར་འཚོས་བསྒྱུར།