འོམ་ཆུ་སློབ་ཆུང་གི་སྐབས་བཞི་བའི་རིག་གནས་སྒྱུ་རྩལ་དུས་སྟོན།


རྐང་ཚ་རྫོང་འོམ་ཆུ་མི་རིགས་བཅའ་སྡོད་སློབ་ཆུང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་སློབ་གསོའི་མུ་འབྲེལ་བྱ་འགུལ་ལས་སློབ་རའི་རིག་གནས་སྒྱུ་རྩལ་དུས་སྟོན་སྐབས་བཞི་བ་དེ༢༠༡༩ལོའི་ཟླ༡༡པའི་ཚེས༢༦དང༢༧ཉིན་སློབ་གྲྭའི་ཆར་རླུང་ལུས་རྩལ་ར་བར་གཟབ་རྒྱས་ངང་འཚོགས།

དུས་སྟོན་དུ་དགེ་རྒན་དང་ལས་བཟོ་བ། སློབ་མ་དང་ཁྱིམ་བདག་བཅས་མི་ཆིག་སྟོང་ལྷག་འཁྲབ་སྟོན་འདུ་རར་འཛོམས་ཡོད།ཚེས༢༦ཉིན་སློབ་བུ་ཚོས་གླུ་ལེན་གར་རྩེད་དང་། ཞབས་བྲོ་སྣ་ཚོགས། རྐྱང་གཞས་སོགས་ཁྲབ་སྟོན་གྱ་ནོམ་པ་རྒྱ་ཆེ་བའི་ལྟད་མོ་བ་དང་ཁྱིམ་བདག་རྣམས་ཀྱི་མིག་གི་དགའ་སྟོན་དུ་བཤམས་པ་མ་ཟད། ཁོ་ཚོས་གཅིག་ལས་གཅིག་ལྷག་གི་འགྱུར་ཁུགས་དང་སྟངས་སྟབས། ད་དུང་ཡི་གར་འོངས་པའི་འཛུམ་མདངས་དྲོན་མོས་རྒྱ་ཆེ་བའི་ལྟད་མོ་བ་དང་ཁྱིམ་བདག་དག་གི་ཡིད་དབང་ཅིག་ཅར་དུ་འཕྲོག་ལ། འདི་ལས་བོད་ནི་གླུ་གར་གྱི་རྒྱ་མཚོ་དང་སྒྱུ་རྩལ་གྱི་ཞིང་ཁམས་ཡིན་ཞེས་པ་ཅི་མ་བདེན་སྙམ་པའི་སྣང་བ་དབང་མེད་དུ་སྐྱེས་འོངས། དགེ་རྒན་དག་གི་སྣ་མང་ཞབས་བྲོ་དང་སྒྲ་སྙན་རྡུང་ལེན། བཞད་གར་དང་གླུ་དབྱངས་སོགས་འཁྲབ་སྟོན་བྱས་པ་ནི་སློབ་བུ་ཚོའི་མིག་གི་ལོངས་སྤྱོད་ཞིག་དང་སེམས་ཀྱི་དྲོན་ཐུག་ཅིག་ཏུ་སྣང་བས། ཁྱེད་ཚོ་ནམ་ཡང་སློབ་བུ་ཚོའི་མིག་གི་ལྟ་ས་དང་རྣ་བའི་ཉན་ས་ཡིན་པས་མི་རིགས་ཤིག་གི་མགོན་སྐྱབས་ཅི་ལ་མིན། དེ་བས་འཁྲབ་སྟོན་རེ་རེའི་ནང་དོན་དང་ཞབས་བྲོ་རེ་རེའི་སྟངས་སྟབས་ལས་སློབ་བུ་ཚོའི་སེམས་སུ་བག་ཆགས་ཀྱི་ས་བོན་བཏབ་ལ་སྣེ་ཁྲིད་ཀྱི་མཛུབ་སྟོན་གནངས་སོང་།

སློབ་མ་ཚོའི་གྱ་ནོམ་པའི་འཁྲབ་སྟོན།

ཚན་རིག་རྟོགས་པའི་་ལག་ཤེས་པ་ཆུང་ཆུང་།

དགེ་རྒན་དག་གི་སྣེ་ཁྲིད་དང་ལྡན་པའི་འཁྲབ་སྟོན་སྣ་ཚོགས།
རྒྱལ་ཁའི་འབྲས་བཟང་།

སློབ་གྲྭའི་དུས་སྟོན་བྱ་འགུལ་འདི་ནི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་དགེ་སློབ་ཡོངས་ཀྱི་ལོ་གཅིག་གི་ནང་ལ་ཐེངས་གཅིག་རོལ་མྱོང་བྱེད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་ཞིག་ཀྱང་ཡིན་ལ། འདི་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར༧༠ལོན་པའི་ལེགས་སྐྱེས་སུ་ཕུལ་བའི་སློབ་གསོའི་རྒྱལ་ཁ་ཞིག་ཀྱང་ཡིན། འོམ་ཆུ་མི་རིགས་ཆ་ཚང་སློབ་ཆུང་གི་དགེ་རྒན་དང་ལས་བཟོ་བ་སློབ་མ་ཆིག་སྟོང་ལྷག་གི་ནངས་སྔ་དགོང་འཕྱི་དང་གཉིད་བཅག་ཟས་བརྗེད་ཀྱི་འབད་འབུངས་ལས་གྲུབ་པ་ཤ་སྟག་ཡིན་ལ། མི་རིགས་སློབ་གསོའི་འཕེལ་རྒྱས་ཚུར་མངོན་ཐུབ་པའི་དན་རྟགས་གནད་མ་ཞིག་ཀྱང་ཡིན།

གསར་འགོད་པ། ཚེ་དབང་རིག་འཛིན།