མཚོ་སྔོན་སྒྲིག་ཨུས་དབུལ་སྐྱོར་བྱ་བའི་ཁྲོད་བྱ་བ་གང་འདོད་སྒྲུབ་པ་དང་བྱ་བ་མི་སྒྲུབ་པའི་གྱོད་དཔེ3སྤྱི་ལ་བསྒྲགས་པ།

དབུལ་སྐྱོར་ལས་ཀའི་ཁྲོད་དུ་གཞུང་དོན་སྒྲུབ་མཁན་གྱི་སྒྲིག་འགལ་བྱ་སྤྱོད་དཔེ་མཚོན་གྱོད་གཞི་གསུམ་གྱི་བརྡ་ཁྱབ།

སློབ་གསོ་ཉེན་བརྡའི་ནུས་པ་འདོན་སྤེལ་བྱ་ཆེད། ཉེ་ཆར་ཞིབ་བཤེར་ཐག་གཅོད་བྱས་པའི་དབུལ་སྐྱོར་བྱ་བའི་ཁྲོད་བྱ་བ་གང་འདོད་སྒྲུབ་པ་དང་བྱ་བ་མི་སྒྲུབ་པའི་དཔེ་མཚོན་གྱོད་དཔེ3བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གིས་སྒྲིག་འགལ་ངང་ཡུས་ཧྲན་གྲོང་ཚོ་ཡུལ་གཞན་དུ་གནས་སྤོའི་ལས་གཞི་ལག་བསྟར་བྱས་པ་རེད།

2017ལོ་ནས2018ལོ་བར། ཁྲི་ཀ་རྫོང་གིས་གོང་རིམ་གཙོ་གཉེར་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་མ་ཐོབ་པར་ཡུས་ཧྲན་གྲོང་ཚོ་ཡུལ་གཞན་དུ་གནས་སྤོའི་ལས་གཞི་ལག་བསྟར་བྱ་རྒྱུ་གཏན་འབེབས་བྱས་པ་མ་ཟད། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་ལས་གཞི་དེ་ཡུལ་གཞན་དུ་གནས་སྤོའི་སྲིད་ཇུས་ཀྱི་གཏན་འབེབས་དང་མི་མཐུན་པར་དུས་བཀག་ནང་བཅོས་སྒྲིག་བྱེད་པའི་གནས་ཚུལ་འོག སྔར་བཞིན་མུ་མཐུད་དུ་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱས་ཏེ། ལས་གཞིའི་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་བྱེད་མ་ཐུབ་པ་མ་ཟད། གྲོང་མིར་ཁ་གསབ་སྤྲད་རྒྱུའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་མ་ཐུབ་པས་ཤུགས་རྐྱེན་ངན་པ་བཟོས། 2019ལོའི་ཟླ6པར། སྐབས་དེའི་རྫོང་གི་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ཀུའོ་ཧྥུའུ་ཞན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་བསྒྲགས་པ་དང་སྲིད་དོན་རིམ་པ་དམའ་རུ་གཏོང་བའི་ཆད་པ་བཅད་པ་དང་། ལས་བགོས་རྫོང་དཔོན་གཞོན་པ་ཀྲི་མིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ། རྫོང་དཔོན་ཨན་མུའུ་ལཱ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།

མགོ་ལོག་ཁུལ་པད་མ་རྫོང་གྲུབ་ཆེན་ཡུལ་ཚོ་ཡིས་སྒྲིག་འགལ་ངང་དབུལ་སྐྱོར་ཐོན་ལས་ལས་གཞི་ལག་བསྟར་བྱས་པའི་གནད་དོན།

2016ལོར། གྲུབ་ཆེན་ཡུལ་ཚོ་ཡིས་གྲུབ་ཆེན་གྲོང་ཚོའི་དབུལ་སྐྱོར་ཐོན་ལས་ཀྱི་བ་གླང་ཉོ་བའི་ལས་གཞི་ལག་བསྟར་བྱེད་པའི་རིང་། གོང་རིམ་གཙོ་གཉེར་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་མ་ཐོབ་པར་ལས་གཞིའི་ལག་བསྟར་ཇུས་གཞི་རང་དགར་བསྒྱུར་ནས། ལས་གཞིའི་ལམ་ལུགས་ལྟར་རྩིས་ཐོ་མ་བཟོས་པར་ཤོག་སྒོར་གྱི་ལམ་ནས་བ་གླང་ཉོ་བའི་དངུལ་སྤྲད་ཅིང་། ལས་གཞི་ཞིབ་བཤེར་རྩིས་ལེན་གྱི་རྣམ་པ་ཙམ་དུ་གྱུར་པ་དང་། བ་གླང་ཉོ་སྒྲུབ་ལས་གཞིའི་ཡིག་ཚགས་རྫུན་མ་བཟོས་ནས་སྐོར་ཞིབ་དང་ལྟ་ཞིབ་བྱེད་པར་མགོ་སྐོར་བཏང་བ་རེད། 2019ལོའི་ཟླ9པར། གྲུབ་ཆེན་ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞང་ཀྲང་ཡའོ་ཅའ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་དང་། སྐབས་དེའི་ཞང་ཀྲང་གཞོན་པ་སྐར་མ་མཚོ་དང་སྒྲིག་ཨུའི་ཧྲུའུ་ཅི་ཀྲའོ་ཧུང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།     

མཚོ་ཤར་གྲོང་ཁྱེར་ལུང་མདོ་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཐོན་ལས་གཞུང་ལས་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རེན་ཀུའོ་ཝུའེ་ཡིས་དབུལ་སྐྱོར་ལས་གཞི་ལག་བསྟར་བྱེད་པའི་རིང་དུ་འགན་ཤོར་གྱི་གནད་དོན།

2015ལོར། ཀུའོ་ཝུའེ་ཡིས་ལུང་མདོ་ས་ཁུལ་ཧྥུའུ་སེ་སྒོ་པའི་ཐོན་ལས་གླིང་གི་ཚན་རྩལ་དབུལ་སྐྱོར་ལས་གཞི་ལ་ཞིབ་བཤེར་ནན་པོ་མ་བྱས་པ་དང་། ལས་གཞི་ལག་བསྟར་བྱེད་མཁན་གཙོ་བོ་ཁ་གསལ་མེད་པ། ལས་གཞི་ཞིབ་བཤེར་རྩིས་ལེན་གྱི་རྣམ་པ་ཙམ་དུ་གྱུར་ནས་དབུལ་སྐྱོར་ཞིང་ལས་རྒྱུ་ཆའི་ཕན་འབྲས་དངོས་ཐོན་མ་ཐུབ་པ་རེད། 2019ལོའི་ཟླ4པར་ཀུའོ་ཝུའེ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་རེད།

གོང་གསལ་དཔེ་མཚོན་གྱོད་དཔེ་ལས་ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་སྒྲིག་ཁྲིམས་འདུ་ཤེས་དང་སྒྲིག་ལམ་འདུ་ཤེས་མངོན་ཡོད་པ་དང་། གནད་སྨིན་དབུལ་སྐྱོར་གྱི་འགན་འཁྲི་སྒྲུབ་ཤུགས་མི་འདང་བ། བྱ་བ་གང་བྱུང་དུ་སྒྲུབ་པ་དང་ལས་ཀ་མི་སྒྲུབ་པར་མང་ཚོགས་དབུལ་པོའི་ཁེ་ཕན་ལ་ཐད་ཀར་གནོད་འཚེ་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྡ་ཁྱབ་བཏང་བའི་གྱོད་དཔེ་བསླབ་བྱར་བརྩིས་ནས། གནད་སྨིན་དབུལ་སྐྱོར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། དབུལ་ཐར་འགག་སྒྲོལ་ཁྲོད་གནད་སྨིན་འགག་སྒྲོལ་བྱ་བའི་འདུ་ཤེས་དང་ནུས་པར་ཤུགས་སྣོན་པ། ཁག་གཉིས་པའི“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ལ་སྣང་ཆུང་བྱེད་པའི་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དབུལ་པོ་གཙང་རྐྱང་གི“གཙང་སེལ”མངོན་འགྱུར་ཡོང་བ་བྱེད་དགོས་ཤིང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་བའི་ཁྲོད“མི་ཕུད་པ་བཞི”བྱུང་སླ་བའི་དབུལ་སྒྲོལ་དང་གྲངས་གཞིའི་དབུལ་སྒྲོལ་སོགས་ཀྱི་གནད་དོན་གཙོ་བོར་དམ་པོར་དམིགས་ཏེ་ལྟ་སྐུལ་དང་། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་རྩད་གཅོད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་དུས་བཀག་ལྟར་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་པར་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་བྱེད་དགོས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།

2019ལོའི་ཟླ11པའི་ཚེས28ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།