སྒོ་མེ་ཕུག་ལམ་ལ་དོ་དམ་བྱས་ནས་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ11པའི་ཚེས21ཉིན། གསར་འགོད་པས་མཚོ་ལྷོ་ཁུལ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ནས་ཤེས་རྟོགས་བྱུང་པ་ལྟར་ན། མིག་སྔར། སྒོ་མེ་ཕུག་ལམ་ནང་ཆུ་འཛག་པའི་གནས་ཚུལ་ཅུང་ཚབས་ཆེ་བས་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད། སྒོ་མེ་ཕུག་ལམ་གྱི་རིམ་སྤོར་ཆེད་དོན་ཞིབ་བཤེར་ལས་གྲྭའི་ཇུས་གཞི་གཞིར་བཟུང་ནས། ལས་གྲྭ་བདེ་བླག་ངང་ལེགས་འགྲུབ་ཡོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན39པའི་གཏན་འབེབས་ལྟར། སྒོ་མེ་ཕུག་ལམ་གྱི་འགྲིམ་འགྲུལ་དོ་དམ་བྱེད་དགོས་པ་དང་ཟླ11པའི་ཚེས26ཉིན་ནས་ཚེས27ཉིན་བར་ལག་བསྟར་བྱ་རྒྱུ་རེད། 

གསར་འགོད་པའི་རྒྱུས་ལོན་བྱས་པ་ལྟར་ན། སྒོ་མེ་ཕུག་ལམ་གྱི་ཟི་ལིང་ནས་ཁྲི་ཀའི་ཕྱོགས་ཀྱི་དོ་དམ་བྱེད་ཡུན་ནི2019ལོའི་ཟླ11པའི་ཚེས26ཉིན་གྱི་ཆུ་ཚོད9:00ནསཆུ་ཚོད19:00བར་ཡིན་པ་དང་། སྒོ་མེ་ཕུག་ལམ་གྱི་ཁྲི་ཀ་ནས་ཟི་ལིང་ཕྱོགས་ཀྱི་དོ་དམ་བྱེད་ཡུན་ནི2019ལོའི་ཟླ11པའི་ཚེས27ཉིན་གྱི་ཆུ་ཚོད9:00ནས19:00བར་ཡིན་པ་རེད།   

སྒོ་མེ་ཕུག་ལམ་དོ་དམ་བྱེད་པའི་རིང་དུ། འགྲོ་འོང་རླངས་འཁོར་གྱིས་འགྲོ་ལམ་འགྲིམ་འགྲུལ་གྱི་ཕྱོགས་སྟོན་བྱང་བུ་ལྟར་འགྲུལ་ལམ་མ་ནོར་བ་བྱ་དགོས་པ་དང་། འགྲིམ་འགྲུལ་མཚོན་རྟགས་སོགས་སྒྲིག་བཀོད་ཁྲིད་སྟོན་ཆ་འཕྲིན་གཞིར་བཟུང་ནས་འགྲོ་སྐྱོད་བྱེད་དགོས་ལ། ཡུལ་དངོས་ལམ་སྲིད་དང་ལམ་སྲིད་སོགས་སྡེ་ཚན་གྱི་བཀོད་འདོམས་ལ་བརྩི་སྲུང་བྱ་དགོས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།