དཔའ་ལུང་རྫོང་གིས་ཁྱིམ་ཚང14ཡི་དབང་པོ་སྐྱོན་ཅན་དག་ལ་ཁེ་ཕན་བགོ་བཤའ་བརྒྱབ་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉེ་ལམ་མཚོ་ཤར་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆིང་བའི”བརྗོད་དོན་སློབ་གསོར་ཟུང་འབྲེལ་སྒོས། དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་གི་ཞོག་དམར་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གིས་ཝུའུ་ཡེས་གྲོང་ཁྱེར་གྱིས་དཔའ་ལུང་རྫོང་གི་དབུལ་ཕོངས་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་གསོ་སྤེལ་ལས་གཞི་ཡི་ལོ་མཇུག་ཁེ་ཕན་བགོ་བཤའ་རྒྱག་པའི་མཛད་སྒོ་སྤེལ། ཐེངས་འདིར་ཁེ་ཕན་བགོ་བཤའ་རྒྱག་པའི་མཛད་སྒོ་ལས་ཁྱིམ་ཚང་དབུལ་བོ14ཡི་དབང་པོ་སྐྱོན་ཅན་མི་སྣ་མི་རེའི་ཁྱིམ་རེར་ལོ་རེར་སྒོར2000གི་ཁེ་ཕན་བགོ་བཤའ་བརྒྱབ་པ་དང་ཁྱོན་བསྡོམས་སྒོར་ཁྲི2.8གནང་བ་རེད།

ལོ་འདི་དག་གི་རིང་ལ། ཝུའུ་ཡེས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་ཞོག་དམར་འདེབས་འཛུགས་གསོ་སྤེལ་མཉམ་ལས་ཁང་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ཝུའུ་ཡེས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལྷན་ཚོགས་དང་དེ་མིན་མཚོ་ཤར་གྲོང་ཁྱེར་དབང་པོ་སྐྱོན་ལྷན་ཚོགས་ཀྱི་ཚད་མཐོའི་མཐོང་ཆེན་དང་དོ་ཁུར་ཟབ་མོ་གནང་། དབང་པོ་སྐྱོན་ཅན་ལས་ཞུགས་རྟེན་གཞི་གསར་འཛུགས་བྱས་པ་དེས། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་མ་ཟད། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དག་ལ་རོགས་རམ་བྱས་ཏེ། ངལ་རྩོལ་ནུས་ཤུགས་ཇེ་ཡངས་དང་ལས་ཞུགས་ཉེན་ཁ་ཇེ་ཆུང་དུ་བཏང་ནས་ཡོང་འབབ་ཡང་ངེས་ཅན་ཞིག་ཐོབ་ཡོད་པ་རེད།

ཐེངས་འདིའི་ཁེ་ཕན་བགོ་བཤའ་རྒྱག་པའི་མཛད་སྒོ་དེས། དབུལ་ཁྱིམ14ཡི་དབང་པོ་སྐྱོན་ཅན་མི་སྣ་དག་ལ་ཁྱོན་བསྡོམས་ཁེ་ཕན་བགོ་བཤའི་རིན་དངུལ་སྒོར་ཁྲི2.8བཏང་ཡོད། དེ་དང་ཆབས་ཅིག ལག་འཛིན་ཁུག་མ་དང་ཆུ་ཕོར། ཆར་གདུགས་སོགས་ཉིན་རྒྱུན་འཚོ་བའི་ཡོ་བྱད་ཡང་གནང་། དེ་དག་གི་རིན་ཐང་སྒོར3000ལྷག་ཡིན་ངེས།

མཚོ་ཤར་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱི་ལས་བྱེད་མི་སྣས་ངོ་སྤྲོད་ལྟར་ན། རྗེས་ཕྱོགས་སུ་མུ་མཐུད་དུ་རོགས་སྐྱོར་མ་དངུལ་ཇེ་མང་དུ་བཏང་སྟེ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རྟེན་གཞི་ཡིས་ལས་ཞུགས་ཀྱི་རྣམ་པ་གསར་བར་འཚོལ་ཞིབ་གང་ལེགས་བྱས་ནས། ཡིག་ཚགས་ཅན་གྱི་དབུལ་ཁྱིམ་དང་དབང་པོ་སྐྱོན་ཅན་མི་སྣའི་ལས་ཞུགས་གནད་དོན་མང་པོ་ཞིག་ཐག་གཅོད་བྱས། དེ་མིན་ས་ཁུལ་དེ་དང་ཉེ་འཁོར་ས་ཁུལ་དག་གི་དབང་པོ་སྐྱོན་ཅན་མི་སྣའི་ལས་ཞུགས་བྱ་བ་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པར་སྣེ་ཁྲིད་བྱས་ཡོད་ཟེར།

ཡུལ་དངོས་དེའི་དབང་པོ་སྐྱོན་ཅན་མི་སྣ་དག་གིས་བསྟན་དོན། ཞོག་དམར་འདེབས་འཛུགས་གསོ་སྤེལ་མཉམ་ལས་ཁང་གིས་ཁོ་ཚོར་ལས་ཞུགས་ཀྱི་སྟེགས་བུ་ཞིག་མཁོ་སྤྲོད་གནང་ཞིང་། ཁོ་ཚོས་རང་མཁོ་རང་སྒྲུབ་དང་འཚོ་བར་བཅོས་སྒྱུར་བཏང་ཡོད་ལ། ཁོ་ཚོས་དྲིན་གཟོ་དགོས་པ་ཡིད་ལ་བརྟན་པོར་བཟུང་སྟེ་རང་ལུས་ཀྱི་ནུས་པ་ལེགས་པོ་འདོན་སྤེལ་སྒོས་ཉམས་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས། རང་གི་འཚོ་བའི་ཐད་འབད་བརྩོན་མཚམས་མ་བཞག་པར་ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་སྒོས། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐད་ལ་རང་ནུས་ཀྱི་སྟོབས་ཤུགས་ངེས་ཅན་ཞིག་གི་བྱས་རྗེས་འཇོག་རྒྱུ་ཡིན་པའི་རྣམ་འགྱུར་དང་ལྷག་བསམ་བསྟན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།