གནས་སྡོད་ལག་འཁྱེར་དང་གནས་སྡོད་ཐོ་འགོད་ཀྱི་ཁྱད་པར།

གནས་སྡོད་ལག་འཁྱེར་ནི་གནས་སྡོད་ཐོ་འགོད་བྱས་ནས་ཟླ་དྲུག་ལོངས་རྗེས་སུ་སྙན་ཞུ་བརྒྱབ་ནས་བསྒྲུབ་དགོས་ཤིང་། བསྒྲུབས་རྗེས་སུ་ལོ་རེ་རེར་ཐོ་མཆན་རེ་འགོད་དགོས་པའི་ལག་འཁྱེར་ཞིག་རེད། གནས་སྡོད་ཐོ་འགོད་ནི་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་སྐྱེས་ཁོངས་མཚོ་སྔོན་མིན་པའི་མི་ལ་སྡོད་གནས་མཁོ་འདོན་བྱེད་མཁན་གྱི་ལས་ཁུངས་དང་མི་སྒེར་གྱིས་གཏན་འཁེལ་གྱི་དུས་ཚོད་ནང་གནས་སྡོད་ཐོ་འགོད་བྱེད་དགོས་པ་ཞིག་ཡིན་ཞིང་། ཐོ་འགོད་བྱས་རྗེས་རང་གི་གནས་སྡོད་ལག་འཁྱེར་དང་ཁྱིམ་ཐོ་སྒྲུབ་པ། སྤྱི་གཞུང་གི་ཁེ་དབང་ལ་སོགས་ཀྱི་ཕན་བདེ་མང་པོ་ལོངས་སྤྱོད་ལ་ཕན་ཆ་ཡོད་པ་རེད།

གཤམ་གྱི་མི་འདི་དག་གིས་གནས་སྡོད་ཐོ་འགོད་དང་གནས་སྡོད་ལག་འཁྱེར་སྒྲུབ་ཆོག

མཚོ་སྔོན་ཞིང་ཆེན་དུ་སྡོད་ཅིང་། སྐྱེས་ཁོངས་མཚོ་སྔོན་ཞིང་ཆེན་མིན་པའི་མི་སྣ་དང་། སྐྱེས་ཁོངས་མཚོ་སྔོན་ཡིན་ཞིང་། ཞིང་ཆེན་ནང་ཁུལ་ནས་རྫོང་དང་གྲོང་ཁྱེར་གཞན་པར་གནས་སྡོད་བྱེད་པའི་མི་སྣ་ཡིན། གྲོང་ཁྱེར་ནང་ཁུལ་ནས་ཡིན་པ་དག་གྲོང་ཁྱེར་དེའི་ཁོངས་ཀྱི་གནས་གང་དུ་བསྡད་ཀྱང་ལག་འཁྱེར་དང་ཐོ་འགོད་གང་ཡང་མི་དགོས།

གནས་སྡོད་ཐོ་འགོད་ཅི་ལྟར་བྱ་དགོས།

སྤྱི་དམངས་གང་ཞིག་རང་ཉིད་ཀྱི་ཐེམ་ཐོ་ཡོད་སའི་གྲོང་ཁྱེར་དང་རྫོང་། ཁུལ་ནས་ཁ་བྲལ་ཏེ། གྲོང་ཁྱེར་དང་རྫོང་། ཁུལ་གཞན་པ་ནས་ཉིན་བདུན་ཡན་དུ་སྡོད་དགོས་བྱུང་ན་ཉིན་བདུན་གྱི་ནང་དུ་མི་སྒེར་གྱི་ཐོབ་ཐང་ལག་འཁྱེར་དང་། ཐོབ་ཐང་བདེན་དཔང་གི་ནུས་པ་ཡོད་པའི་ལག་འཁྱེར་གཞན་དག གནས་སྡོད་དཔང་ཡིག་བཅས་འཁྱེར་ནས་ཡུལ་དེའི་ཐེམ་ཐོ་ཐོ་འགོད་ལས་ཁུངས་སུ་བསྐྱོད་དེ་གནས་སྡོད་ཐོ་འགོད་བྱ་དགོས། གལ་ཏེ་ཐོབ་ཐང་གི་དཔང་བདེན་ལག་འཁྱེར་རམ་ཐོབ་ཐང་ལག་འཁྱེར་གང་ཡང་མེད་ཚེ། སྤྱི་བདེ་ལས་ཁུངས་ཀྱི་རེ་བ་ལྟར་ཐོབ་ཐང་དང་འབྲེལ་བའི་མི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་བྱེད་དགོས།

གནས་སྡོད་ལག་འཁྱེར་ལེན་པར་ཚང་དགོས་པའི་ཆ་རྐྱེན།

བྱེས་འགྲོའི་མི་འབོར་སྐབས་བབ་ཀྱི་ས་གནས་སུ་སྡོད་ཅིང་། ཁྲིམས་མཐུན་གྱི་གཏན་འཇགས་ལས་ཀ་ཡོད་པ། ཁྲིམས་མཐུན་གྱི་གཏན་འཇགས་སྡོད་ཁང་ཡོད་པ། ཡང་ན་མུ་མཐུད་ནས་སློབ་གཉེར་བྱེད་མཁན་གང་ཞིག་ཆ་རྐྱེན་འདི་དག་ལས་གཅིག་ལྡན་ན་གནས་སྡོད་ལག་འཁྱེར་བླངས་ཆོག དེ་ཡང་གཤམ་གྱི་ཆ་རྐྱེན་འདི་ཡོད་ན་ཐད་ཀར་དུ་གནས་སྡོད་ལག་འཁྱེར་བླངས་ཆོག

གཅིག ཡུལ་དེ་གའི་སྤྱི་ཚོགས་འགན་སྲུང་ནང་ཞུགས་ནས་ཟླ་དྲུག་འགོར་ཡོད་པ།

གཉིས། 《མཚོ་སྔོན་ཞིང་ཆེན་གྱི་འཇོན་མི་བློ་རིག་ཅན་ནང་འདྲེན་ལག་བསྟར་བྱ་ཐབས》དང་《མཚོ་སྔོན་ཞིང་ཆེན་གསར་གཏོད་རྩེ་གྲའི་འཇོན་མི་སྟོང་གི་འཆར་གཞི》སྐོར་ནས་ནང་འདྲེན་བྱས་པའི་འཇོན་མི།

གསུམ། རིམ་ཁག་སྲིད་འཛིན་དང་དོན་ལས་སྡེ་ཚན། རྒྱལ་ཁབ་ཀྱི་བདག་གཉེར་ཁེ་ལས་ལས་ཁུངས་བཅས་ཀྱི་མི་སྣ་ཞིང་ཆེན་གྱི་སྲིད་འཛིན་མངའ་ཁོངས་སུ་ཡོང་ནས་བྱ་བ་སྒྲུབ་པ།

བཞི། ཉིན་ཧྲིལ་པོའི་སློབ་གསོ་མྱོང་མཁན་གྱི་སློབ་མ།

ལྔ། མི་སྒེར་ལ་ཁྲིམས་མཐུན་བདག་དབང་གི་ཁང་པ་ཡོད་པ། ལོ་བཅུ་དྲུག་ལ་སོན་མེད་པའི་ལོ་ཆུང་གཞོན་ནུ་དང་། འགྲོ་སྐྱོད་མི་བདེ་བའི་བགྲེས་སོང་། དབང་པོ་སྐྱོན་ཅན་སོགས་ཀྱི་གནས་སྡོད་ལག་འཁྱེར་དེ་ལྟ་སྐྱོང་གནང་མཁན་དང་ཡང་ན་ནང་མི་ཉེ་ཚན་གང་རུང་གིས་ཚབ་བྱས་ནས་བླངས་ཆོག་ལ། ཚབ་སྒྲུབ་བྱེད་དུས་མངག་བཅོལ་མཁན་དང་ཚབ་སྒྲུབ་པའི་ཁྲིམས་མཐུན་གོ་ཆོད་ཀྱི་ཐོབ་ཐང་ལག་འཁྱེར་འཛིན་དགོས།

གནས་སྡོད་ལག་འཁྱེར་ལེན་པར་ཚང་དགོས་པའི་ཆ་རྐྱེན་དང་འབྲེལ་བའི་ཐ་སྙད་གསལ་འགྲེལ།

གཅིག གནས་སྡོད་ལོ་ཕྱེད་ལོངས་པ་ཞེས་པའི་དོན་ནི་གནས་སྡོད་བྱས་པའི་ཡུལ་དེར་གནས་སྐབས་གནས་སྡོད་ཐོ་འགོད་ལོ་ཕྱེད་ཡན་ལ་ཟེར་བ་ཡིན།

གཉིས། ཁྲིམས་མཐུན་གཏན་འཇགས་ཀྱི་ལས་ཀ་ཞེས་པ་ནི་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། དོན་ལས་སྡེ་ཚན་གྱིས་བསྡུ་ལེན་བྱས་པའི་ལས་ཀ་བ་དང་། ཡང་ན་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། ཁེ་ལས་ལས་ཁུངས་ཀྱིས་བསྡུ་ལེན་བྱས་པའི་ལས་ཀ་བ། ཁྲིམས་ལྟར་ངལ་རྩོལ་གན་རྒྱ་བཞག་ཡོད་པ། ཡང་ན་གྲོང་ཁྱེར་དང་གྲོང་རྡལ་དུ་ཐོན་ལས་གཉིས་པ་དང་གསུམ་པ་གཉེར་ཞིང་བཟོ་ལས་ཚོང་གཉེར་གྱི་ལག་འཁྱེར་སོགས་ཡོད་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་གཏན་འཁེལ་བྱས་པའི་གནས་ཚུལ་གཞན་དག་ལ་གོ །

གསུམ། ཁྲིམས་མཐུན་གཏན་འཇགས་ཀྱི་སྡོད་ཁང་ནི། སྡོད་ཡུལ་གྱི་སྡོད་ཁང་ནི་ཁྲིམས་མཐུན་བདག་དབང་གི་ཁང་པ་ཡིན་པ་དང་། འགན་སྲུང་རང་བཞིན་གྱི་ཁང་པ། བོགས་གཏོང་ཁང་པ། མི་བཀོལ་ལས་ཁུངས་སམ་སློབ་གཉེར་བྱ་ཡུལ་སློབ་གྲྭས་འདོན་སྤྲོད་བྱས་པའི་སྡོད་ཁང་སོགས་ཡིན།

བཞི། རྒྱུན་མཐུད་སློབ་གཉེར་ནི། ཉིན་ཧྲིལ་པོའི་སློབ་གཉེར་ལམ་ལུགས་བསྟར་བའི་སློབ་ཆུང་དང་། སློབ་འབྲིང་། མཐོ་འབྲིང་། མཐོ་འབྲིང་རིམ་པའི་ལས་རིགས་སློབ་གྲྭ། མཐོ་རིམ་སློབ་གྲྭ་དཀྱུས་མ་བཅས་སུ་སློབ་གཉེར་བྱེད་མཁན་ལ་གོ།

གནས་སྡོད་ཐོ་འགོད་བྱེད་དུས་དགོས་པའི་རྒྱུ་ཆ།

སྡོད་གནས་ཀྱི་དཔང་ཡིག་སྟེ། དེའི་ནང་བོགས་གཏོང་གན་རྒྱ། ཁང་པའི་བདག་དབང་དཔང་ཡིག ཁང་པ་ཉོ་སྒྲུབ་ཀྱི་གན་རྒྱའམ་ཁང་པ་བོགས་གཏོང་དང་། མི་བཀོལ་ལས་ཁུངས། སློབ་གཉེར་སློབ་གྲྭའི་སྡོད་ཁང་གི་དཔང་ཡིག་སོགས་འདུ་བ་དང་། ལས་ཞུགས་དཔང་ཡིག་གི་ཁྲོད་བཟོ་ཚོང་གཉེར་སྐྱོང་ལག་འཁྱེར་དང་། ངལ་རྩོལ་གན་རྒྱ། མི་བཀོལ་ལས་ཁུངས་ཀྱི་ངལ་རྩོལ་འབྲེལ་བའི་དཔང་ཡིག་གམ་ཁྲིམས་མཐུན་གཏན་འཇགས་ཀྱི་ལས་ཀ་ཡོད་པར་བདེན་དཔང་བྱེད་ཐུབ་པའི་རྒྱུ་ཆ་སོགས་འདུ། སློབ་གཉེར་དཔང་ཡིག་ནང་དུ། སློབ་མའི་ལག་འཁྱེར་དང་། སློབ་གཉེར་བྱེད་སྒང་ལ་དཔང་བྱེད་ཐུབ་པའི་དཔང་ཡིག་གམ་རྒྱུ་ཆ་གཞན་དག་འདུ།

གནས་སྡོད་ཐོ་འགོད་ཀྱི་ནང་དོན། རུས་མིང་དང་། ཕོ་མོ། མི་རིགས། སྐྱེས་སྐར། སྤྱི་དམངས་ཐོབ་ཐང་ཨང་གྲངས།

མི་སྒེར་གྱི་པར། རྒྱུན་སྡོད་ཐེམ་ཐོའི་ས་གནས། སྡོད་ཁང་གི་ས་གནས། ལག་འཁྱེར་སྤྲོད་མཁན་གྱི་ལས་ཁུངས། ལག་ཁྱེར་སྤྲོད་པའི་དུས་ཚོད།

གནས་སྡོད་དཔང་ཡིག་སྒྲུབ་པའི་དུས་ཚད།

གནས་སྡོད་ལག་འཁྱེར་ལེན་པའི་ཆ་རྐྱེན་དང་རྒྱུ་ཆ་ཆ་ཚང་ལྡན་ན་སྡོད་ཡུལ་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དང་ལེན་བྱས་པའི་ཉིན་ནས་ཉིན15ཡི་ནང་གནས་སྡོད་ལག་འཁྱེར་སྤྲད་ཡོང་བ་དང་། མཐའ་ཁུལ་དང་འགྲིམ་འགྲུལ་སྟབས་བདེ་མིན་པའམ་དམིགས་བསལ་གྱི་དགོས་མཁོའི་དབང་གིས་དུས་འགྱངས་བྱས་ན་ཡང་ཉིན་སུམ་ཅུའི་ནང་ལག་འཁྱེར་སྒྲུབ་ཐུབ།

གནས་སྡོད་ལག་འཁྱེར་འཛིན་མཁན་གྱིས་སྡོད་ཡུལ་ནས་ཁྲིམས་བཞིན་དབང་ཆ་ལོངས་སུ་སྤྱད་ཆོག

ངལ་རྩོལ་ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་ནང་ཞུགས་པའི་དབང་ཆ་དང་། སྡོད་ཁང་གྲབས་གསོག་མ་དངུལ་སྤྲོད་ལེན་བཀོལ་སྤྱོད་ཀྱི་དབང་ཆ། དམངས་གཙོ་འདེམ་བསྐོ་དང་འབྲེལ་ཡོད་སྤྱི་གཞུང་གི་ཇུས་ཆོད། སྤྱི་ཚོགས་དོ་དམ་བཅས་ཀྱི་དབང་ཆ། གཞན་རྒྱལ་ཁབ་ཀྱི་གཏན་འབེབས་དབང་ཆ་གཞན་དག་བཅས་ཡིན།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་གནས་སྡོད་ལག་འཁྱེར་ཐོགས་མཁན་ལ་འདོན་སྤྲོད་བྱས་པའི་གཞི་རྩའི་སྤྱི་གཞུང་གི་ཞབས་ཞུ་ལ།

གཅིག བུ་ཕྲུག་གི་འོས་འགན་སློབ་གསོ་མྱོང་ཐུབ་པ།

གཉིས། ལས་ཞུགས་ལས་ཤོར་ཐོ་འགོད་དང་། སྲིད་ཇུས་རྩད་འདྲི། ལས་ཞུགས་ཆ་འཕྲིན། ལས་རིགས་ངོ་སྤྲོད། ལས་རིགས་རྩལ་ནུས་ཟབ་སྦྱོང་། སྤྱི་གཞུང་གི་གཞི་རྩའི་ལས་ཞུགས་བཅས་ཀྱི་ཞབས་ཞུ།

གསུམ། གཞི་རྩའི་སྤྱི་གཞུང་འཕྲོད་བསྟེན་ཞབས་ཞུ་དང་འཆར་ལྡན་བུ་སྐྱེས་ཞབས་ཞུ།

བཞི། གཏན་འཁེལ་གྱི་ཆ་རྐྱེན་དང་མཐུན་པ་དག་གིས་སྡོད་ཁང་འགན་སྲུང་ཞབས་ཞུ་ལ་སྙན་ཞུ་བརྒྱབ་ཆོག

ལྔ། ཁྲིམས་བཞིན་གཞི་རྩའི་སྤྱི་ཚོགས་འགན་སྲུང་ནགས་ཞུགས་པའི་ཞབས་ཞུ།

དྲུག སྤྱི་གཞུང་རིག་གནས་ལུས་རྩལ་ཞབས་ཞུ།

བདུན། ཁྲིམས་ལུགས་རོགས་སྐྱོར་དང་ཁྲིམས་ལུགས་ཀྱི་ཞབས་ཞུ་གཞན་དག

བརྒྱད། གཏན་འབེབས་ལྟར་སྡོད་ཡུལ་གྱི་མི་དམངས་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་བགྲེས་སོང་ལ་འདོན་སྤྲོད་བྱས་པའི་རྣམ་པ་གང་རུང་གི་དཔལ་འབྱོར་ཁ་གསབ། སྔོན་འགྲོའི་གཟུགས་སྐྱོང་། དམངས་ཕན་ཞབས་ཞུ།

དགུ གཏན་འབེབས་ལྟར་ཡུལ་དེའི་གཟི་བརྗིད་མཚན་སྙན་གང་རུང་ལ་འོས་འདེམས་དང་བབ་བསྟུན་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་ཐུབ།

བཅུ། གནས་སྡོད་ལག་འཁྱེར་བླངས་ནས་ལོ་གསུམ་ཡན་སོང་བའི་བགྲེས་སོང་གིས་གློ་བུར་བའི་རྨས་སྐྱོན་བྱུང་བའི་ཉེན་འགོག་འགན་ལེན་ཉོ་སྒྲུབ་དང་སྲིད་གཞུང་གི་ཁ་གསབ་ལོངས་སྤྱོད་བྱེད་ཐུབ།

བཅུ་གཅིག གཞི་རྩའི་འཚོ་བར་གནས་སྐབས་སུ་དཀའ་ངལ་ཆེན་པོ་བྱུང་བའམ་ཆག་སྒོ་གཞན་བྱུང་ནས་དམིགས་བསལ་གྱི་དཀའ་ངལ་བྱུང་བའི་ཁྱིམ་ཚང་ལ་གནས་སྐབས་རོགས་སྐྱོབ་ཡོད་པ།

བཅུ་གཉིས། གཏན་འབེབས་ལྟར་ཆ་རྐྱེན་ཚང་ན་གཞི་རྩའི་འདས་མཆོད་སྒྲུབ་པའི་ཞབས་ཞུའི་གྲོན་དངུལ་མི་དགོས་པའི་སྙན་ཞུ་བརྒྱབ་ཆོག

བཅུ་གསུམ། རྒྱལ་ཁབ་དང་སྡོད་ཡུལ་གྱི་མི་དམངས་སྲིད་གཞུང་གི་གཏན་འབེབས་བྱས་པའི་སྤྱི་གཞུང་ཞབས་ཞུ་གཞན་དག

གནས་སྡོད་ལག་འཁྱེར་ཡོད་པའི་མིས་སྡོད་ཡུལ་གྱི་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱད་ཆོག

གཅིག རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་རྒྱལ་ཁོངས་ཕྱི་ནང་འགྲོ་འོང་གི་ལག་འཁྱེར་བསྒྲུབ་ཆོག

གཉིས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྡོད་དམངས་ཀྱི་ཐོབ་ཐང་ལག་འཁྱེར་བརྗེ་ལེན་དང་གསབ་ལེན་བྱས་ཆོག

གསུམ། འཕྲུལ་སྒུལ་རླངས་འཁོར་ཐོ་འགོད།

བཞི། འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་པའི་ལག་འཁྱེར་ལེན་ཆོག

ལྔ། སྡོད་ཡུལ་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་འཛིན་པའི་ཐོབ་ཐང་དཔྱད་འབེབས་དང་། མཚན་གནས། ལས་རིགས་ཐོབ་ཐང་གི་རྒྱུགས་ལེན་བཅས་ཀྱི་ཁྲོད་ཞུགས་ཐུབ།

དྲུག བུ་སྐྱེས་ཞབས་ཞུ་ཐོ་འགོད་དང་འཆར་ལྡན་བུ་སྐྱེས་ཀྱི་དཔང་ཡིག་དང་རྒྱུ་ཆ་གཞན་དག་སྒྲུབ་པ།

བདུན། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དམངས་ཕན་སྲིད་ཇུས་གཞན་དག

ཁོན་ཐར་འཚོས་བསྒྱུར།