རྒན་གསོའི་དངུལ་ལེན་པའི་ཐོབ་ཐང་དཔང་བདེན་ར་སྤྲོད་མི་འགྱང་བར་མཇུག་བསྡུ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་རྒན་གསོ་དངུལ་ལེན་པའི་ཐོབ་ཐང་དཔང་བདེན་ར་སྤྲོད་བྱ་བ་ད་ལོའི་ཟླ7པ་ནས་འགོ་བཙུགས་ཤིང་། ཞིང་ཆེན་ཡོངས་ཀྱིས་སྟབས་བདེ་ཡོང་བའི“མཚོ་སྔོན་གྱི་མི་དང་སྤྱི་ཚོགས་ཀུན་ཁྱབ”ཀྱི་ལག་ཁྱེར་ཁ་པར་གྱིAPPདཔང་བདེན་ར་སྤྲོད་བྱེད་སྟངས་སྤྱད་པ་དང་། ད་ཆར་གྲོང་ཁྱེར་ཡོངས་ཀྱི75%རྒན་གསོ་དངུལ་ལེན་གྱི་ཐོབ་ཐང་དཔང་བདེན་ར་སྤྲོད་བྱས་པ་རེད། གྲོང་ཁྱེར་སྤྱི་ཚོགས་འགན་བཅོལ་ཅུའུ་ཡི་ལས་དོན་མི་སྣས་ཐོབ་ཐང་དཔང་བདེན་ར་སྤྲོད་བྱས་མེད་པའི་རྒན་གསོ་དངུལ་ལེན་མཁན་གྱིས་ད་ལོའི་ཟླ12པའི་ཚེས30ཉིན་སྔོན་དུ། “མཚོ་སྔོན་གྱི་མི་དང་སྤྱི་ཚོགས་ཀུན་ཁྱབ”ཀྱི་ལག་ཁྱེར་ཁ་པར་གྱིAPPབརྒྱུད་དེ་དཔང་བདེན་ར་སྤྲོད་བྱ་དགོས་པའི་གསལ་བརྡ་བཏང་བ་དང་། 2020ལོའི་ཟླ་དང་པོར་རྒན་གསོ་དངུལ་སྟེར་མཚམས་འཇོག་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་ནི་ཟི་ལིང་གྲོང་ཁྱེར་གྱི་རྒན་གསོ་དངུལ་ལེན་པའི་ཐོབ་ཐང་དེ། “མཚོ་སྔོན་གྱི་མི་དང་སྤྱི་ཚོགས་ཀུན་ཁྱབ”ཀྱི་ལག་ཁྱེར་ཁ་པརAPPཡིས་དཔང་བདེན་ར་སྤྲོད་བྱས་པའི་ལོ་དང་པོ་ཡིན་པ་དང་། ལས་དོན་དེར་སྡེ་ཁུལ་དང་དེ་བཞིན་འབྲེལ་ཡོད་ཚན་པའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་ལ། ལས་འཁྱུར་ངལ་གསོ་བྱས་པ་དང་ཐོབ་ཐང་ལོངས་སྤྱོད་བྱེད་མཁན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིས་གཞོགས་འདེགས་ཧུར་ཐག་བྱས་པ་རེད། ད་ལྟའི་བར་ཟི་ལིང་གྲོང་ཁྱེར་གྱིས་ལག་ཁྱེར་ཁ་པར་གྱིAPPབརྒྱུད་དཔང་བདེན་ར་སྤྲོད་བྱས་པའི་རྒན་གསོའི་དངུལ་ལེན་མཁན་ཁྱོན་ཁྲི24.1343ཟིན་ཡོད་ཅིང་། དེའི་ནང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་ཁྲི13.547དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིས་ཐོབ་ཐང་ལེན་མཁན་མི་ཁྲི10.5873ཟིན་པ་དང་། དཔང་བདེན་ར་སྤྲོད་བྱ་དགོས་པའི་མི་གྲངས་ཁྲི10.5873ཟིན་པ་རེད།

དེ་མཚུངས་བླང་བྱ་གཞིར་བཟུང་ཐོག ད་ལོའི་རྒན་གསོ་དངུལ་ལེན་གྱི་ཐོབ་ཐང་དཔང་བདེན་ར་སྤྲོད་བྱ་བ་ཟླ12པའི་ཚེས30ཉིན་མཇུག་བསྒྲིལ་རྒྱུ་ཡིན་པ་དང་། དཔང་བདེན་ར་སྤྲོད་བྱ་ཡུལ་ཚང་མ་ངེས་པར་དུ་ཚེས30ཉིན་སྔོན་དུ“མཚོ་སྔོན་གྱི་མི་དང་སྤྱི་ཚོགས་ཀུན་ཁྱབ”ཀྱི་ལག་ཁྱེར་ཁ་པརAPPབརྒྱུད་དེ་ད་ལོའི་རྒན་གསོ་དངུལ་ལེན་པའི་ཐོབ་ཐང་དཔང་བདེན་ར་སྤྲོད་བྱ་བ་སྒྲུབ་ཚར་དགོས་ཤིང་། དཔང་བདེན་ར་སྤྲོད་བྱས་མེད་པའི་མི་སྣར2020ལོའི་ཟླ་དང་པོ་ནས་བཟུང་རྒན་གསོ་དངུལ་སྟེར་མཚམས་འཇོག་རྒྱུ་ཡིན་ལ། ཐོབ་ཐང་དཔང་བདེན་ར་སྤྲོད་བྱེད་པའི་ཁྲོད་མི་ཤེས་པ་ཡོད་ན། ཁོངས་གཏོགས་ཀྱི་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིར་བློ་འདྲི་བྱེད་ཆོག་པ་རེད།


ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།