ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ11པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་ཀྲུང་ལུགས་སྨན་རྫས་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། མཚོ་སྔོན་གྱི་ལག་བསྟར་བསམ་འཆར་དངོས་འབེབས་དང་། དགུན་དཔྱིད་དུས་ཚིགས་ཀྱི་ཞིང་སའི་ཆུ་བེད་གཞི་རྩའི་འཛུགས་སྐྲུན་བྱེད་པ་སོགས་ཀྱི་དོན་དག་ལ་ཞིབ་འཇུག་བྱས་པ་དང་། ཕྱི་འབྲེལ་པུའུ་ཡིས་མཚོ་སྔོན་འཛམ་གླིང་ལ་མཚམས་སྦྱོར་བྱེད་པའི་བྱ་འགུལ་གྱི་གྲ་སྒྲིག་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་རེད།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན། རྒྱལ་ཡོངས་ཀྲུང་ལུགས་སྨན་རྫས་ཚོགས་ཆེན་གྱི་དགོངས་དོན་བཅས་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར། དེ་བཞིན་ཀྲུང་ལུགས་སྨན་རྫས་རྒྱུན་འཛིན་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་འཕེལ་རྒྱས་ཚོགས་ཆེན་གྱི་བཀོད་སྒྲིག་དང་རེ་བ་ལྟར། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཁྱད་ཆོས་ཅན་དང་ཐོན་ལས་ཅན། གཞི་ཁྱོན་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། དགུན་དཔྱིད་དུས་ཚིགས་ཀྱི་ཞིང་སའི་ཆུ་བེད་གཞི་རྩའི་འཛུགས་སྐྲུན་བྱེད་པ་ནི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་བྱེད་པའི་མཚོན་བྱེད་གཙོ་བོ་ཡིན་པ་དང་། ཆུ་བེད་བཟོ་སྐྲུན་གྱིས་དམངས་ཚིས་འཕེལ་རྒྱས་འགན་སྲུང་བྱེད་པ་དང་། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པར་ནུས་པ་གལ་ཆེན་འདོན་ངེས་ཡིན་ཟེར།

ཚོགས་ཐོག་ནས་བསྟན་དོན། ཕྱི་འབྲེལ་པུའུ་ཡི་མཚོ་སྔོན་འཛམ་གླིང་ལ་མཚམས་སྦྱོར་བྱེད་པའི་བྱ་འགུལ་ནི་མཚོ་སྔོན་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པ་དང་རང་ཞིང་གི་ཕྱི་ཕྱོགས་སྒོ་འབྱེད་ཆུ་ཚད་མཐོར་འདེགས་སུ་གཏང་བ། དེ་བཞིན་རྒྱལ་སྤྱིའི་མཉམ་ལས་བརྗེ་རེས་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན་པས། ཕྱི་འབྲེལ་པུའུ་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་རེ་བ་ལྟར། རྩ་འཛུགས་དང་བཀོད་སྒྲིག་ཞིབ་མོ་བྱེད་པ་དང་། འཛམ་གླིང་ལ་མཚམས་སྦྱོར་དང་དྲིལ་སྒྲོག་བྱ་འགུལ་གྱི་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་རིང་ལ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་མངོན་པར་བྱེད་པ་དང་། དུས་རབས་གསར་པའི་ནང་མཚོ་སྔོན་གྱིས“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་བཏང་བའི་གཏམ་རྒྱུད་སྙན་མོ་བརྗོད་དགོས་ཟེར།

ལོ་ཙཱ་བ། ཤ་མོ་འཚོ།