རང་ཞིང་གི་ན་གཞོན་ཁེ་ལས་མཁས་པའི་ཚོང་ཚོགས་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས7ཉིན། རང་ཞིང་གི་གཞོན་ནུའི་ཁེ་ལས་པའི་ཚོང་ཚོགས་བཙུགས་པའི་ཚོགས་ཆེན་ཟི་ལིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ལས་འཛིན་དང་། ལྟ་ཞིབ་པ། ཚོགས་གཙོ། ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞི། ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་ཟུར་པ་བཅས་བདམས་ཐོན་བྱུང་བ་རེད། ཧྲིན་ཀྲང་གཞོན་པ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་གིས“རང་ཞིང་གི་གཞོན་ནུའི་ཁེ་ལས་མཁས་པའི་ཚོང་ཚོགས”ཀྱི་སྒོ་བྱང་བཀལ་བ་རེད།

ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་འགན་འཁུར་བས། ཚོང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་བརྟན་དུ་གཏང་བ་དང་། ཞབས་ཞུ་ཨང་དང་པོ། མཉམ་ལས་གསར་གཏོད། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་སྒོ་ནས་རྒྱ་ཆེའི་གཞོན་ནུ་ཁེ་ལས་མཁས་པར་སྣེ་ཁྲིད་དེ་སྙིང་སྟོབས་ལྡན་པ་དང་། རྒྱ་སྐྱེད་གསར་གཏོད། ཐོན་ཁུངས་བསྡུ་སྒྲིལ་བཅས་ཀྱི་སྒོ་ནས་སྡེ་ཚོགས་འཕེལ་རྒྱས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་དང་། གཞོན་ནུ་ཁེ་ལས་པའི་བསམ་འདུན་ཧུར་ཐག་མཚོན་པ། ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཆེ་རུ་གཏང་བ། སྤྱི་ཚོགས་ཀྱི་སྤྱི་ཕན་ལས་དོན་སྣ་ཚོགས་ནང་ཞུགས་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་སྟོབས་གསར་དམག་དཔུང་དང་སྣེ་འདྲེན་དམག་གི་ནུས་པ་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཆེད་འཇོག་འོས་པའི་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན་པ་རེད།

གསར་དུ་བདམས་ཐོན་བྱུང་བའི་རང་ཞིང་གི་གཞོན་ནུ་ཁེ་ལས་པའི་ཚོང་ཚོགས་ཀྱི་ཚོགས་གཙོ་ཀྲུང་དབྱང་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུ་མི་རབས་ཀྱི“ཕུགས་བསམ་ཡུན་རིང་འཆང་བ་དང་དོན་དངོས་ལ་གཞི་ཚུགས་པའི”སྐུར་ཚིག་བློ་ལ་བརྟན་པོར་འཆང་ནས་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ། “གཞོན་ནུ་གསར་པར་བྱས་རྗེས་གསར་པ་འཇོག་དགོས”ཞེས་སྲོག་ཤིང་གི་འདུ་ཤེས་སུ་བྱེད་པ་དང་། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱ་རྒྱུ། ལང་ཚོའི་བྱས་རྗེས་རྩེ་གྲ་འཇོག་པ། ཐོག་མའི་བསམ་འདུན་ལ་ཞབས་འདེགས་ཞུས་ནས་ཚོང་ཚོགས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱ་དགོས། གཞོན་ནུའི་བློ་གྲོས་གཅིག་བསྡུས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱ་དགོས། ཐུན་མོང་ཐོག་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཉིན་དེར། རང་ཞིང་གི་གཞོན་ནུའི་ཁེ་ལས་པའི་ཚོང་ཚོགས་དང་རྒྱལ་ཡོངས་ས་གནས་ཁག་གི་གཞོན་ནུ་ཚོང་ཚོགས་ཀྱིས་རྩ་འཛུགས་སྒོས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་གན་རྒྱ་བཞག་པ་མ་ཟད། ད་དུང་་དང་རང་རེའི་ཞིང་ཆེན་གྱི་ གཞོན་ནུའི་ཁེ་ལས་པའི་གླེང་སྟེགས་སྐབས་དང་པོ་སྤེལ་བ་རེད།

ལོ་ཙཱ་བ། གཡང་སྐྱིད།