ཟི་ལིང་གིས་དུས་ཚིགས་བཞི་པའི་མ་དངུལ་གཏོང་འཇོག་དང་ལས་གཞིའི་བྱ་བ་བསྒྲུབ་ལ་གདོང་མཆོང་བྱས་པ།

རང་རེའི་དྲ་བའི་འཕྲིན།  ཟླ11པའི་ཚེས1ཉིན།   གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་། དེ་འབྲེལ་མ་དངུལ་གཏོང་འཇོག་དང་ལས་གཞིའི་བྱ་བ་ཟུང་འབྲེལ་སྒོས་དམིགས་ཚད་ལ་དམ་པོར་འཛིན་པ་དང་དཀའ་བར་མི་འཛེམ་པར་མདུན་དུ་བསྐྱོད་དེ་དུས་ཚིགས་བཞི་པའི་འཕེལ་རྒྱས་དམིགས་ཚད་ལ་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱས་ནས། 2020ལོར་སླེབས་སྐབས་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱིས“ཉིན་བརྒྱའི་འགག་སྒྲོལ”དང་། “མཉམ་འཐབ་གསེར་གྱི་དུས་ཚིགས”“དབྱར་དུས་དང་སྟོན་དུས་ཀྱི་དུས་ཚིགས”བཅས་ཀྱི་ཆེད་དོན་ལས་སྒོ་གཏིང་ཟབ་སྤེལ་བ་དང་། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་འཕེལ་རིམ་དམ་འཛིན་དང་ལས་གཞིའི་དུས་འགོར་དམ་འཛིན་བྱས་པ། དུས་ཚིགས་བཞི་པ་དང2020ལོར་ལག་བསྟར་བྱས་པའི་ལས་གཞི་ཆེན་པོ་དང་ལས་གཞི་ཡག་པོ་ཁག་གཅིག་གསེད་བཀྲོལ་དང་ཇུས་འགོད་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པ་བསྐྲུན་ཡོད། དུས་ཚིགས་བཞི་པར་ཟི་ལིང་གྲོང་ཁྱེར་གྱིས་ལོ་ཧྲིལ་པོའི་མ་དངུལ་གཏོང་འཇོག་ལས་འགན་ལ་དམ་པོར་དམིགས་ཏེ།གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ནས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ཁ་གསབ་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་འགན་ལེན་བྱས་ཡོད། 2020ལོའི་ལག་བསྟར་ལས་གཞི་ཀྱི་འཆར་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། འགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་དང་འགན་འཁུར་ནས་ལས་རིམ་ལྡོག་སྒྲིག་དང་དུས་མཚམས་ཀྱི་འཕེལ་རིམ་ཁ་གསལ་ཡོང་བ་བྱས་ཏེ། ལས་གཞི་ཞིབ་འཇུག་ཐུབ་པ་དང་ཐོག་མར་འཛུགས་པ་སོགས་ཀྱི་བྱ་བར་མགྱོགས་མྱུར་སྐུལ་འདེད་གཏང་བ་དང་། དགུན་དཔྱིད་དུས་ཀྱི་དུས་འགོའི་ལས་གཞི་འགག་སྒྲོལ་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ། 2020ལོའི་དཔྱིད་དུས་སུ་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་དུ་འཛུགས་རྒྱུར་རྨང་གཞི་འདིང་རྒྱུ་རེད། 

གཞན་ཡང་ཟི་ལིང་གྲོང་ཁྱེར་གྱིས“གཏོང་བ་དོ་དམ་ཞབས་ཞུ”ཡི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཞིབ་མཆན་གྱི་ཁོར་ཡུག་ཇེ་ལེགས་སུ་གཏང་བ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་ཁུ་བསྡུ་དང་། ཚོང་འགུགས་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ཏེ། ཁ་གསབ་སྦྲེལ་ཐག་སོགས་ལས་གཞི་ཁག་གཅིག་ནང་འདྲེན་བྱས་ནས། “མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ”དང“གྲོང་ཁྱེར་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ”། དེ་བཞིན“དམངས་གཉེར་ཁེ་ལས་ཀྱི་སྟོབས་ལྡན་ཚོགས་ཆེན500སོགས་གན་འཇོག་ལས་གཞི་དོན་འཁྱོལ་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས” སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན། འཚེ་མེད་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར། དུས་རབས་གསར་པའི་བདེ་སྐྱིད་ལྡན་པའི་ཟི་ལིང་བཅས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།