མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལྗོངས་ཁུལ་ཁག་གིས་པ་སེའི་རིན་གོང་ཁེ་པོར་བཟོས་པ།

དགུན་ཁ་སླེབས་དང་བསྟུན། རྒྱལ་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་མང་ཤོས་ཀྱི་ཡུལ་སྐོར་བ་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། ཟླ11པར་སླེབས་རྗེས། རང་རེའི་ཞིང་ཆེན་གྱི་ཡུལ་སྐོར་ལྗོངས་ཁུལ་ཁག་གིས་ཀྱང་པ་སེའི་རིན་གོང་ཁེ་པོར་བཟོ་བའམ་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་ནང་འགུག་ལ་བྲེལ།

ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་ཁག་གིས་ཡུལ་སྐོར་ཐོན་རྫས་གསར་ཤོས་དང་ལམ་ཐིག་གསར་པ། དམངས་སྲོལ་ཡུལ་སྐོར། སྒེར་འཁོར་ཡུལ་སྐོར། ཞིང་གྲོང་ཡུལ་སྐོར། གངས་སྐོར། སྤྲོ་གསེང་ཡུལ་སྐོར། བརྙན་ལེན་ཡུལ་སྐོར་ལ་སོགས་ཡུལ་སྐོར་བྱེད་སྟངས་སྣ་མང་དང་ཡུལ་སྐོར་ཐོན་ཁུངས་ཅི་དགར་ངོམ་སྟེ་མཚོ་སྔོན་གྱི་དགུན་དཔྱིད་ཡུལ་སྐོར་འཁྲུག་པོར་བཏང་།

ཡུལ་སྐོར་བས་མཚོ་སྔོན་གྱི་དགུན་ལྗོངས་རོལ་ཐུབ་ཆེད། ཟླ11པ་ནས་བཟུང་། མཚོ་སྔོན་གྱི་འཛམ་གླིང་རལ་གྲི་ལྗོངས་ཁུལ་གྱི་ལྟག་སྒོའི་པ་སེའི་གོང་ཚད་མི་རེར50དང་།མཚོ་ཆུང་ནོར་བུའི་ལྗོངས་ཁུལ་གྱི་ལྟག་སྒོའི་པ་སེ་མི་རེར་སྒོར30རུ་བཅག་ཡོད་པ་རེད།

ཟླ11ཚེས1ཉིན་ནས2020ལོའི་ཟླ4ཚེས30ཉིན། ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་གྱི་པ་སེ་གོང་ཚད་ཁེ་པོ་བཟོས་ཚུལ་ནི། ལྗོངས་ཁུལ་གྱི་པ་སེ་མི་རེར་སྒོར30དང་། བྱིས་པ་དང་བགྲེས་སོང(ལོ60ནས69བར་གྱི་རྒན་རྒོན)། སློབ་མ་སོགས་ལ་མི་རེར་སྒོར15རེ་ལ་བཅག་འདུག གཞན་ལྗོངས་ཁུལ་ནང་གི་མེ་འཁོར་ཆུང་ངུའི་པ་སེ་གོང་ཚད་མར་བཅག་ནས་སྒོར100རུ་བཏང་འདུག་ལ། དེའི་ནང་དུ་ལྗོངས་ཁུལ་གྱི་པ་སེ་དང་། ཡར་སྐྱེལ་མར་ལེན། གློག་གསོག་རླངས་འཁོར་བཅས་ཀྱི་རིན་པ་ཡང་འདུ།

ཟླ11ཚེས4ཉིན་ནས་བཟུང་། མཚོ་ཤར་གྲོང་ཁྱེར་དམར་གཙང་ཁུལ་གྱི་དམར་གཙང་ས་ཚུགས(ཡུན་ཅ་གྲོང་ཚོའི་རྨ་ཙོང་གི་བག་ཆགས)ཀྱི་ལྗོངས་ཁུལ་བར་དུ་རིན་མེད་ཤར་བགྲོད་རླངས་འཁོར་བཏང་ཡོད་ཅིང་། ཉིན་རེར་ཐེངས་གཅིག་སྟེ་སྔ་དྲོའི་ཆུ་ཚོད10དང་སྐར་མ30ཐོག་ཤར་གཏོང་དང་། ཕྱི་དྲོའི་ཆུ་ཚོད16སྐར་མ30ཐོག་ཕྱིར་ཟི་ལིང་དུ་ལོག་གི་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།