མཚོ་སྔོན་ཉེན་རྟོག་སྡེ་ཁག་གིས་དྲ་ཐོག་ཉོ་ཚོང་དུས་ཆེན“11.11”སྐབས་གླགས་བསྟུན་མགོ་སྐོར་གཏོང་མཁན་ལ་སྟབས་ཟོན་བྱ་དགོས་པའི་གསལ་འདེབས་བཏང་།

ཟླ11ཚེས6ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ། “11.11”ཉིན་སླེབས་ལ་ཉེ་བའི་སྐབས་འདིར། དྲ་ཐོག་ཚོང་ཁང་མང་པོས་གོང་བདེའི་བྲིན་ཚོང་གི་འདུ་འགོད་བཤམས་པའི་ལས་ལ་བྲལ་བཞིན་ཡོད་ཅིང་། དེར་མཚོ་སྔོན་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱིས་དྲ་ཐོག་ཉོ་སྒྲུབ་ཀྱི་སྐབས་སུ་མི་སྒེར་གྱི་ཆ་འཕྲིན་སྲུང་ཤེས་བྱས་ནས་གཡོ་ཚོང་གི་རྒྱ་རུ་ཚུད་པར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་གནང་འདུག

ཉེ་ལམ་ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་ལྕམ་མོ་ལའེ་ལ་ཁ་པར་ཆ་མེད་ཅིག་ཡོང་སྟེ་དྲ་ཐོག་ཚོང་ཁང་ག་གེ་མོ་ཞིག་གི་ཞབས་ཞུ་པ་ཡིན་ཚུལ་དང་། ལྕམ་མོ་ལའེ་ལ་ཁྱེད་ཀྱིས་ཐའོ་པའོ་དྲ་ཐོག་ནས་ཉོས་པའི་ལྭ་བའི་རྒྱུ་སྤུས་ལ་གནད་དོན་ཡོད་པས་ཉོས་རིན་ཕྱིར་ཁྱེད་ལ་བསྐུར་རྒྱུ་ཡིན་ཞེས་ཟེར་དུས། ལྕམ་མོ་ལའེ་ཡིས་བདེན་པར་བཟུང་ནས“ཉོས་རིན་ཕྱིར་སློག”གི་སྐད་འཕྲིན་ནང་འཇུག་བྱས་ནས་མངགས་ཉོའི་ཨང་རྟགས་བསྐུར། ཕ་རོལ་པས་མོ་ལ་གུན་གསབ་དབང་བཅོལ་གྲོས་ཆིངས་ཤིག་དང་སྒོར5000སྐྱི་དངུལ་སྟེགས་བུ借呗ཞེས་པའི་དངུལ་བསྐུར་བཅད་རིས་ཤིག་བསྐུར་བ་མ་ཟད། དངུལ་སྤྲོད་མ་ལག支付宝借呗ཞེས་པའི་ཁ་ཕྱེས་ཏེ་དེར་ཡོད་པའི་སྒོར5000ལེན་དགོས་པའི་རེ་བ་བཏོན། ལྕམ་མོ་ལའེ་ཡིས་ཇི་བཞིན་དུ་སྒོར5000བླངས་རྗེས་དངུལ་བྱང་ཐོག་གི་སྒོར་གྲངས་དངོས་ནས་ཇེ་མང་དུ་སོང་བས་དོགས་ཟོན་ཅི་ཡང་མེད་པར་མུ་མཐུད་ནས་ཕ་རོལ་ཞབས་ཞུ་བས་བཤད་པ་ལྟར་སྒོར་དེ་ཕ་རོལ་པའི“ཉོས་རིན་དངུལ་སྐུར་བྱང་བུ”རུ་བཞག ཡང་ཕ་རོལ་པོས་སྐར་མ་གསུམ་གྱི་རྗེས་ནས支付宝借呗སྟེང་གི་སྒོར་གྲངས་དེ་རང་བཞིན་གྱིས་སྒོར5000རུ་འགྱུར་ངེས་ཞེས་མོ་ལ་བཤད་མོད། སྐར་མ་གསུམ་གྱི་རྗེས་ནས་སྒོར་མོ་དེ་ཕྱིར་ཡོང་མེད་པར་གྱུར་པས་ད་གཟོད་ལྕམ་མོ་ལའེ་ཡིས་རང་ཉིད་ལ་བསླུ་བྲིད་བཏང་བ་གཞི་ནས་ཚོར།

ཉེན་རྟོག་སྡེ་ཁག་གི་ངོ་སྤྲོད་ལྟར་ན། “རིན་པ་ཕྱིར་སློག”གི་བསླུ་བྲིད་འདི་རྒྱུན་པར་བྱུང་བཞིན་ཡོད། ཁྲམ་པས་དུས་རྒྱུན་ཚོང་རྫས་མི་འདང་བ་དང་། རྒྱུ་སྤུས་ལ་གནད་དོན་ཡོད་པར་ཁ་གཡར་ནས་འཛད་སྤྱོད་པར་རིན་དངུལ་ཕྱིར་སློག་གི་འགྲོ་རིམ་སྒྲུབ་ཏུ་འཇུག་ངེས། དེ་ལས་གཡོ་ཐབས་གཅིག་ནི་འཛད་སྤྱོད་པར་མི་སྒེར་གྱི་ཆ་འཕྲིན་དང་ཁ་པར་གྱི་ར་སྤྲོད་ཨང་གྲངས་སྐོང་ས་སྤྲད་ནས་ཉ་འཛིན་དྲ་ཚིགས་སུ་འཁྲིད་སྲིད། གཞན་ཞིག་ནི་གུན་གསབ་དབང་བཅོལ་ལ་ཁ་གཡར་ནས་འཛད་སྤྱོད་པ་དྲ་ཐོག་སྐྱི་དངུལ་སྟེགས་བུར་འཁྲིད་དེ་སྐྱི་དངུལ་ལེན་དུ་བཅུག་རྗེས་སྐྱི་དངུལ་དེ་ཕྱིར་སྤྲོད་དགོས་པའི་རེ་བ་འདོན་ཞིང་། འཛད་སྤྱོད་པའི་དངུལ་བྱང་གི་དངུལ་གྲངས་ཇེ་མང་བཏང་ནས་རིམ་པ་བཞིན་གཡོ་འོག་ཏུ་འཁྲིད་འགྲོ་བ་རེད།

མཚོ་སྔོན་ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུས་ཀྱི་གཞི་གྲངས་ལྟར་ན། ན་ནིང་གི“11.11”ཉིན་གྱི་ཉོ་སྒྲུབ་སྐབས་སུ། མཚོ་སྔོན་ཞིང་ཆེན་མྱུར་སྐྱེལ་ཁེ་ལས་ལ་འབོག་སྒྲིལ་ཁྲི84.41འབྱོར་ཞིང་། དེ་ནི་ལོ་སྔོན་མའི་དུས་མཚུངས་ལས105.66%འཕར། སྔོན་དཔག་བྱས་ན་ད་ལོའི“11.11”ཉིན་གྱི་དྲ་ཐོག་ཉོ་སྒྲུབ་སྔར་བཞིན་བྲིན་རྒྱུགས་ཆེན་པོ་འབྱུང་ངེས་པས། དྲ་ཚོང་ཆ་འཕྲིན་ལ་ཁ་གཡར་ནས་བསླུ་བྲིད་གཏོང་བའི་ཉེས་སྤྱོད་ཀྱང་དེ་བཞིན་དུ་མང་སྲིད།

མཚོ་སྔོན་ཉེན་རྟོགས་ཕྱོགས་ཀྱིས་དྲན་སྐུལ་གནང་རྒྱུར། སྐད་འཕྲིན་དང་འཕྲིན་ཐུང་ནང་དྲ་སྦྲེལ་ཆ་མེད་དམ་རྩ་གཉིས་ཨང་བཤར་ཆ་མེད་བསྐུར་ཡོང་དུས། དེ་ལ་མཛུབ་གནོན་དང་ཨང་བཤར་མི་བྱེད་པ་དང་། མི་སྒེར་གྱི་ཆ་འཕྲིན་དང་དངུལ་ཁང་གི་ར་སྤྲོད་ཨང་གྲངས་ལས་སླ་པོར་གཞན་ལ་བསྐུར་མི་རུང་། གལ་ཏེ་དྲ་ཐོག་ཉོ་ཚོང་གི་སྐབས་ལ་ཉོས་རིན་ཕྱིར་སློག་པའི་རེ་བ་ཞུ་བ་དང་། འབོག་སྒྲིལ་བོར་བརླག་ཐེབས་པའི་གནས་ཚུལ་བྱུང་ན་ལམ་སེང་དྲ་ཐོག་ཚོང་ཁང་དེ་གར་རྩད་འདྲི་དང་། ཞིབ་བསྡུར་བྱ་དགོས་པ་ལས་ཕྱོགས་གསུམ་པའི་དྲ་ཚིགས་སོགས་འཕྲིན་སྟེགས་གང་རུང་ནས་ཐག་གཅོད་མི་རུང་བས་ཡིད་ལ་འཛིན་རྒྱུ་གལ།

ཁོན་ཐར་འཚོས་བསྒྱུར།