མཚོ་སྔོན་ཞིང་ཆེན་གྱི་གཟན་རྩྭའི་ཐོན་སྐྱེད་གཞི་རྩའི་ཆ་ནས་ཁྱོན་ཡོངས་ནས་འཕྲུལ་ཆས་ཅན་དུ་མངོན་འགྱུར་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི་གཟན་རྩྭའི་ཐོན་སྐྱེད་གཞི་རྩའི་ཆ་ནས་ཁྱོན་ཡོངས་ནས་འཕྲུལ་ཆས་ཅན་དུ་མངོན་འགྱུར་བྱས་ཏེ། འཕྲུལ་ཆས་ཅན་དུ་བསྒྱུར་པའི་བཀོལ་སྤྱོད་ལག་རྩལ་དང་དར་ཁྱབ་ཚད་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསླེབས་ཡོད་པ་རེད།

ཉེ་བའི་ལོ་འདི་འགར། རང་ཞིང་གི“བེད་ཆུང་ཞིང་ས་གཟན་ཆས་འདེབས་སར་སྒྱུར་པའི”ལས་སྒོས་འཕྲུལ་ཆས་ཅན་གྱི་གཟན་རྩྭའི་ཐོན་སྐྱེད་ལ་ཤུགས་ཆེན་པོས་སྐུལ་འདེད་དང་། ས་ཁུལ་མི་འདྲ་བའི་འཕྲུལ་ཆས་ཅན་གྱི་གཟན་རྩྭའི་ཐོན་སྐྱེད་ཐག་གཅོད་བྱེད་པའི་ཇུས་གཞི་ཧུར་བསྐྱེད་སྒོས་འཚོལ་ཞིབ་བྱས་ཏེ། འཕྲུལ་ཆས་ཅན་དུ་སྒྱུར་པའི་འཕེལ་ཚད་རྒྱུན་མཐུད་ངང་ཇེ་མཐོར་ཕྱིན། ལྷག་པར་དུ2016ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་བསྟུད་མར་འཕྲུལ་ཆས་ཅན་གྱི་གཟན་རྩྭའི་ཐོན་སྐྱེད་ལག་རྩལ་ཡུལ་དངོས་ནས་ཚོད་ལྟའི་གསོ་སྦྱོང་དང་ཞིང་ལས་འཕྲུལ་ཆས་ཀྱི་ཐོན་སྐྱེད་ཉིན་མོའི་བྱ་འགུལ་སྤེལ་ཏེ། དཔེ་སྟོན་གྱི་འཕྲུལ་ཆས་ཅན་གྱི་གཟན་རྩྭའི་ཐོན་སྐྱེད་ལག་རྩལ་དང་སྒྲིག་ཆས་ལ་སྐུལ་སྤེལ་བྱས་ནས། འཕྲུལ་ཆས་ཅན་གྱི་གཟན་རྩྭའི་ཐོན་སྐྱེད་ཆུ་ཚད་ཡང་ཇེ་བཟང་དུ་སོང་བ་རེད།

ད་ཕན། ཞིང་ཆེན་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་སྐུལ་སྤེལ་སྡེ་ཁག་གིས་ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་། དཔེ་སྟོན་སྐུལ་སྤེལ་ལ་ཕན་པ། སྲིད་ཇུས་མ་ལག་ཆ་ཚང་གི་འཕྲུལ་ཆས་ཅན་གྱི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་འཚོལ་ཞིབ་སྒོས་གྲུབ་ཏུ་བཅུག་ཡོད་པར་མ་ཟད། 《འཕྲུལ་ཆས་ཅན་གྱི་གཟན་རྩྭའི(ཡུག་པོ)ཐོན་སྐྱེད་ལག་རྩལ་གྱི་མཛུབ་སྟོན་བསམ་འཆར》དང་འཕྲུལ་ཆས་ཆ་ཚང་གི་དཀར་ཆག་ཁྱབ་སྤེལ་བྱས་ཏེ། འཕྲུལ་ཆས་ཅན་གྱི་ལག་རྩལ་དང་ཐོན་སྐྱེད་བཟོ་རྩལ་སོགས་གཅིག་སྡུད་སྒོས་སྐུལ་སྤེལ་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་འབྲེལ་ཡོད་འགན་འཁུར་པས་བཤད་པ་ལྟར་ན། གཟན་རྩྭའི་ཐོན་སྐྱེད་འཕྲུལ་ཆས་ཅན་དུ་སྒྱུར་ཚད་ཇེ་མཐོར་སོང་བ་དེ། རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་ཀྱི་ཕན་ནུས་ལས་བྱུང་བ་ཡིན། ཞིང་ཆེན་ཡོངས་ནས་གཟན་རྩྭ་ཐོན་སྐྱེད་འཕྲུལ་ཆས་དང་ལས་སྣོན་སྒྲིག་ཆས་ལ་ཀྲུང་དབྱང་གི་ཁ་གསབ་མ་དངུལ་གྱི་རྨང་གཞིའི་སྟེང་། ཀྲུང་དབྱང་གི་ཁ་གསབ་མ་དངུལ་གྱི90%ལས་མི་བརྒལ་བར་བྱས་ནས་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྤྲད་རྒྱུ་རེད་ཟེར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།