ལི་ཅི་ཞང་གིས་ཞིང་ཆེན་ཀྲུང་བོད་ལུགས་གསོ་རིག་འཕེལ་རྒྱུས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ11པའི་ཚེས5ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཞིང་ཆེན་བོད་སྨན་ཁང་དུ་རྟོག་ཞིབ་བྱེད་པར་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་བོད་ལུགས་གསོ་རིག་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད། རྒྱལ་ཡོངས་ཀྲུང་བོད་ལུགས་གསོ་རིག་གི་ཕུལ་བྱུང་བྱས་རྗེས་བྱ་དགའ་ཐོབ་མཁན་ལུའུ་ཁྲང་ཆིན་དང་ཉི་མ་གཉིས་ལ་བྱ་དགའི་རྟགས་མ་དང་འཛིན་ཡིག་གནང་ཞིང་། ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དེ་གོ་སྐབས་སུ་བརྩིས་ནས། སྨན་པ་མིང་གྲགས་ཅན་སྐྱེད་སྲིང་བྱེད་པ་དང་། རྒྱུན་འཛིན་གསར་གཏོད་ལ་ཤུགས་བསྣན་ནས། ཧུར་ཐག་སྒོས་མཚོ་སྔོན་གྱི་ཀྲུང་བོད་ལུགས་གསོ་རིག་བྱ་བ་འཕེལ་རྒྱས་སུ་གཏང་བའི་རྣམ་པ་གསར་པ་བཟོ་དགོས་ཟེར།

ལི་ཅེ་ཞང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། ལུའུ་ཁྲང་ཆིན་དང་ཉི་མ་གཉིས་ལ་རྟེན་འབྲེལ་ཞུས། ཁོས་བསྟན་དོན། རྒྱལ་ཡོངས་ཀྱིས་ཐེངས་དང་པོར་གྲོས་ཚོགས་བསྡུས་ནས་ཀྲུང་བོད་ལུགས་གསོ་རིག་བྱ་བའི་འཕེལ་རྒྱས་སུ་གཏང་བའི་བྱ་བར་བཀོད་སྒྲིག་བྱས་པ་དེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་བྱེད་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་པ་མཚོན་ཐུབ། མཚོ་སྔོན་གྱི་ལུས་ཁྲང་ཆིན་དང་ཉི་མ་གཉིས་ལ་བྱ་དགའ་ཐོབ་པ་དེ་ནི། མཚོ་སྔོན་གྱི་ཀྲུང་བོད་ལུགས་གསོ་རིག་ལས་རིགས་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་གཟི་བརྗིད་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་བོད་ལུགས་གསོ་རིག་བྱ་བའི་རྒྱས་སུ་གཏང་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། དུས་ཡུན་རིང་བོར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པའི་གྲུབ་འབྲས་ཀྱང་ཡིན་པས། རྒྱ་ཆེའི་སྨན་བཅོས་བྱ་བ་སྒྲུབ་མཁན་ཚོས་ཁོ་གཉིས་མིག་དཔེར་འཛིན་པ་དང་། གཟི་བརྗིད་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས། ཀུན་སྤྱོད་བཟང་པ་དང་ཤེས་ཡོན་ཡོད་པ། གསོ་རིག་ལག་རྩལ་བྱང་དུ་ཆུད་པའི་སྨན་པ་བཟང་པོ་བྱེད་པར་འབབ་བརྩོན་བྱས་ཏེ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་ཟེར།

ལི་ཅེ་ཞང་གིས་ནན་གྱིས་བསྟན་དོན། སྙིང་བཅུད་རྒྱུན་འཛིན་དང་། དྲང་སྲུང་གསར་གཏོད་བཅས་བྱས་ནས་མཚོ་སྔོན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། ས་ཁོངས་རང་བཞིན་གྱི་ཀྲུང་བོད་ལུགས་གསོ་རིག་གི་སྨན་བཅོས་སྤུས་རྟགས་བཏོད་དེ་སྨན་བཅོས་ལ་སྐུལ་ཁྲིད་དང་། སྨན་ལ་བརྟེན་ནས་སྨན་བཅོས་ལ་སྐུལ་འདེད། སྨན་དང་སྨན་བཅོས་གལ་ཆེ་མཉམ་འཛིན་བཅས་བྱས་ནས། ཀྲུང་བོད་ལུགས་གསོ་རིག་གི་ཐོན་ལས་སྟོབས་ཆེ་རུ་བཏང་སྟེ་རྒྱལ་ཡོངས་སུ་བསྐྱོད་དགོས་ཤིང་། ཤེས་ལྡན་མི་སྣའི་སྨན་བཅོས་དར་སྤེལ་གཏང་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དགེ་རྒན་དང་སྨན་པ་གྲགས་ཅན་གསོ་སྐྱོང་དང་བེད་སྤྱོད་བྱེད་པའི་མ་ལག་ཤུགས་ཆེན་པོས་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཆུ་ཚད་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།