ལིའུ་ཐའོ་མཚོ་སྔོན་ཉོ་ཚོང་ཚོགས་པ་དང་མཉམ་དུ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་གཉིས་པར་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ11པའི་ཚེས5ཉིན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་གཉིས་པ་རྒྱལ་ཁབ་འགྲེམ་སྟོན་ལྟེ་གནས(ཧྲང་ཧའེ)ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་མཚོ་སྔོན་ཉོ་ཚོང་ཚོགས་པ་དང་མཉམ་དུ་འགྲེམ་ཚོགས་ལ་ཞུགས། ཟླ11པའི་ཚེས6ཉིན་བསྡུས་པའི་མཚོ་སྔོན་ཉོ་ཚོང་ཚོགས་པའི་ཉོ་བསྡུ་གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་། ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ནི་ཀྲུང་གོས་རང་འགུལ་སྒོས་འཛམ་གླིང་ལ་ཚོང་རའི་སྒོ་ཕྱེས་པའི་བྱེད་ཐབས་གལ་ཆེན་ཡིན་ལ། ང་ཚོས་ཡུལ་དངོས་ནས་རྒྱལ་ཁབ་སོ་སོའི་ཁེ་ལས་མིང་གྲགས་ཅན་ལ་འབྲེལ་འདྲིས་བྱེད་པ་དང་། ལས་རིགས་ཀྱི་མདུན་གྲས་ལ་རྒྱུས་ལོན་བྱེད་པ། རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་རར་རྒྱུས་ལོན་བྱེད་པའི་ཐད་སྟེགས་བུ་བཟང་པོ་འདོན་སྤྲོད་བྱས་པས། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱིས་རང་འགུལ་གྱིས་འཛམ་གླིང་དུ་བསྐྱོད་པ་དང་། འཛམ་གླིང་ཁྲོད་འདྲེས་པར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་སྒོ་འབྱེད་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སྔར་ལས་བཟང་པོར་སྤེལ་དགོས་ཟེར།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། མཉམ་ལས་བྱེད་པ་ནི་མཉམ་རྒྱལ་དང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཆེད་ཡིན་ལ། མཚོ་སྔོན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་དངུལ་གཏོང་ཁོར་ཡུག་ཧ་ཅང་བཟང་ལ། མཉམ་ལས་ཀྱི་བར་སྟོང་རྒྱ་ཆེ་བ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ། ཐེངས་འདིའི་གྲོས་མཐུན་འགོད་པ་དེ་གོ་སྐབས་སུ་བརྟེན་ནས། མཚོ་སྔོན་དང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་བརྗེ་རེས་གཏིང་ཟབ་ཏུ་གཏང་བ་དང་། མཉམ་ལས་ཐད་ཀྱི་ཐུན་མོང་གི་ལྟ་བ་ཇེ་དྲག་ཏུ་གཏང་བ། མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་ལས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་གནས་བབ་གསར་པ་དང་བསྟུན་པ་དང་། མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཐད་ཀྱི་སྣང་བརྙན་གསར་པ་འགྲེམ་སྟོན་བྱེད་པ། སྔོན་ཐོན་ལག་རྩལ་དང་དོ་དམ་གྱི་ཉམས་མྱོང་། སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་སྲོལ་རྒྱུན་ཐོན་ལས་ཀྱི་བསྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏང་བ་དང་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་བཏང་སྟེ། མཉམ་དུ་མཉམ་ལས་གཉིས་རྒྱལ་གྱི་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས་ཟེར།

དེའི་རིང་དུ། ལིའུ་ཐའོ་ཡིས་སྔ་རྗེས་སུ་རྒྱལ་ཁབ་འགྲེམས་ཁང་དང་། ཚན་རྩལ་འཚོ་བ། རླངས་འཁོར་ཁང་སོགས་འགྲེམས་ཁུལ་དུ་རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་། མིས་བཟོས་འཕྲུལ་ཆས། ནུས་རྒྱུ་གསར་པའི་རླངས་འཁོར་ཞིབ་འཇུག་གསར་སྤེལ་དང་ལག་རྩལ་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་གནང་བ་དང་འགྲེམས་ཞུགས་ཁེ་ལས་ཀྱི་འགན་འཁུར་བ་ཁག་གཅིག་དང་གཏམ་གླེང་དང་གྲོས་སྡུར་གནང་བ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།