ཀྲང་ཞི་མིང་གིས་མགོ་ལོག་ནས་རྟོག་ཞིབ་གནང་སྐབས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དང་མང་ཚོགས་ཁྲོད་སྒྲོག་པར་སྐུལ་འདེད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ11པའི་ཚེས3ཉིན་ནས་ཚེས6ཉིན་བར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མིང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་གནང་ཞིང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་བརྒྱུད་སྒྲོག་གནང་བ་རེད།

གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་དང་གཅིག་སྒྲིལ་རྫོང་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་། དར་ལག་རྫོང་ཨུད་ལས་ཁུངས་དང་། མགོ་ལོག་སྲིད་སྐྱོང་དྲན་གསོ་དང་མི་རིགས་མཐུན་སྒྲིལ་སློབ་གསོ་ཁང་། རྨ་ཆེན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་འཕྲིན་བཅར་ཅུའུ་སོགས་སུ་ཀྲང་ཞི་མིང་གིས་ཁུལ་དང་རྫོང་གི་མགོ་ཁྲིད་དང་གཞི་རིམ་ལས་བྱེད་པ་དང་གླེང་མོལ་གཏིང་ཟབ་བྱས་པ་དང་། དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བ་སྤེལ་བའི་གནས་ཚུལ་ཐད་ནས་རྒྱུས་ལོན་བྱས་པར་མ་ཟད། འབྲེལ་འདྲིས་བྱས་པའི་དར་ལག་རྫོང་སྡེར་ནང་ཞང་དམུ་རི་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཀུན་རྒྱལ་ཚང་ལ་འཚམས་འདྲི་བྱས། རྨ་ཆེན་རྫོང་རྟ་བོ་ཞང་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་རུ་ཀྲང་ཞི་མེན་གྱིས་སློབ་གྲྭའི་དགེ་སློབ་རྣམས་ལ་འཚམས་འདྲི་བྱས་པ་དང་། སློབ་མ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཁོ་ཚོར་སློབ་སྦྱོང་ལ་འབད་པ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་བའི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་བྱེད་དགོས་པ་དང་། རང་གི་ཕ་ཡུལ་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པའི་སྐུལ་མ་བཏང་། ཀྲང་ཞི་མེན་གྱིས་ད་རུང“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པར་འཆང་པའི”བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཞི་རིམ་འདུ་ཤེས་རྣམ་པའི་བྱ་བར་དམིགས་ནས་དར་ལག་རྫོང་དང་རྨ་ཆེན་རྫོང་གི་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཁྲིད་བྱས་པ་རེད།

ཀྲང་ཞི་མིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་གཟབ་ནན་གྱིས་དོན་འཁྱོལ་བྱེད་དགོས་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བྱེད་པ་དང་བརྗོད་དོན་སློབ་གསོ་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ། གཅིག་བསྡུས་དྲིལ་སྒྲོག་བྱ་བ་རྒྱ་ཆེར་སྤེལ་དགོས་པ་དང་། ལས་བྱེད་མང་ཚོགས་ཀྱི་དངོས་ཡོད་ཉམས་མྱོང་དང་རང་གི་གམ་དུ་གནས་པའི་འཕེལ་རྒྱས་འགྱུར་ལྡོག་ལ་བརྟེན་ནས་ཀྲུང་གོ་གསར་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་པའི་ཚུན་གྱི་ལོ་ངོ་བདུན་ཅུ་དང་། མགོ་ལོག་སྲིད་དབང་བཙུགས་པའི་ཚུན་གྱི་ལོ65རིང་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རྒྱབ་ཀྱི་ལམ་ལུགས་དགེ་མཚན་གསལ་པོར་བརྗོད་དགོས་ཤིང་། བྱེད་ཐབས་བཟང་པོར་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་བསྐྱོད་པ་དང་། མང་ཚོགས་ཀྱི་གམ་དུ་བསྐྱོད་པར་སྐུལ་འདེད་བཏང་སྟེ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ལམ་ལུགས་ཡིད་རྟོན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།